༧གོང་ས་མཆོག་ལྡི་ལི་ཁུལ་དུ་ཆིབས་ཐོན་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སང་ཉིན་ནས་བདུན་ཕྲག་གཅིག་ཙམ་རིང་རྒྱ་གར་རྒྱལ་ས་ལྡི་ལི་དང་ཨུ་ཏར་པར་དྷེ་ཤི་ནང་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུགདེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་གྱི་སྟེང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཨུ་ཏར་པར་དྷེ་ཤི་ (Uttar Pradesh) ཡི་བདུན་ཕྲག་གཅིག་ཙམ་རིང་གི་མཛད་འཆར་ཁག་ཅིག་གི་ཆེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་ཆིབས་ཐོན་གནང་སོང་།

ད་ལྟའི་མཛད་འཆར་ལྟར་ན།  སང་ཉིན་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ནས་ ༡༡།༣༠ བར་རྒྱལ་ས་ལྡི་ལི་གསར་པའི་ཤྲི་རཱམ་སློབ་གྲྭའི་ (Shri Ram school, Vastiit Vihar) ནང་རྒྱ་གར་གྱི་སྲོལ་རྒྱུན་རོལ་མོའི་ཚོགས་པས་ (SPIC Macay) གོ་སྒྲིག་བྱས་པའི་མཛད་སྒོའི་ཐོག སློབ་གྲྭ་གྲངས་ ༥༠ ཡི་སློབ་མ་ཁྱོན་ ༢༣༠༠ ཙམ་ལ་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༡ ཉིན་ཏིཊ་མན་སིང་མགྲོན་ཁང་དུ་མཁས་དབང་དང་ཤེས་ལྡན་མི་སྣ། རྒྱལ་འབྲེལ་སྐུ་ཚབ་རྣམས་དང་ལྷན་དུ་མཇལ་མོལ་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་ཨུ་ཏར་པར་དྷེ་ཤི་མངའ་སྡེའི་ (Uttar Pradesh) ནང་ཡོད་པའི་ (Sri Udasin Karshni Ashram) དུ། རྒྱ་གར་གྱི་ཧིན་རྡུ་བླ་ཆེན་(Swami Karshni Gurusharanananda Maharaj)མཆོག་དང་མཇལ་མོལ་གནང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༢༤ ཉིན་གྱི་ཆུ་ཚོད་ ༩།༠༠ ཙམ་སྟེང་ཡུལ་དེའི་དབེན་གནས་ཁང་དུ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོར། རྒྱལ་ས་ལྡི་ལིར་ཕྱི་ལོ་ ༡༩༣༢ ལོར་བདག་ཉིད་ཆེན་པོ་གྷན་དྷི་མཆོ་གིས་རྒྱ་གར་གྱི་རིགས་དམན་པའི་གྲལ་རིམ་རྩ་མེད་བཟོ་ཆེད་བཙུགས་པའི་ཁེ་མེད་ཚོགས་པ་(Harijan Sevak Sangh, Gandhi Ashram) ནང་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོར་ལྷན་བཞུགས་གནང་རྗེས། ཕྱི་ཚེས་ ༢༦ ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཆིབས་ཐོན་མཛད་འཆར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༡༩

Leave a Reply

2 thoughts on “༧གོང་ས་མཆོག་ལྡི་ལི་ཁུལ་དུ་ཆིབས་ཐོན་མཛད།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྟོང་ཉིད་སྙིང་རྗེ་བཟུང་དུ་འཇུག་པའི་ལམ།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།