རྒྱལ་སྟོན་དུས་ཆེན་བསླེབ་ལ་ཉེ་བ་དང་དམ་དྲག་དོགས་ཟོན་ཇེ་ཆེ་རེད།

འདི་ལོར་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཐེངས་ ༥༠ པ་དང་ ༦༠ པ་ཙམ་དུ་མ་ཟད་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༧༠ འཁོར་བའི་དུས་དྲན་ལས་ཀྱང་དྲག་དམག་གི་རུ་སྒྲིག་གཞི་རྒྱ་ཆེན་པོ་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུགདེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་མི་ལོ་ ༧༠ འཁོར་བའི་རྒྱལ་སྟོན་དུས་ཆེན་བསླེབ་རྒྱུར་ཉིན་ ༡༠ ཙམ་ལས་མེད་པའི་དུས་འདིར། པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་གཙོ་བོར་གྱུར་བའི་རྒྱ་ནག་ནང་ལོགས་དང་བོད། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་སོགས་སུ་དུས་ཆེན་དེ་བསུ་བའི་བྱ་འགུལ་རིགས་སྣ་མང་སྤེལ་དུ་འཇུག་བཞིན་ཡོད་པ་དང་སྦྲགས། དམག་མི་དང་ཉེན་རྟོག་པ་སོགས་འགྲེམ་འཇོག་བྱས་ཏེ་དམ་དྲག་དོགས་ཟོན་སྔར་ལས་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

དེ་ཡང་པེ་ཅིན་གྱི་བདེ་འཇགས་ཉེན་རྟོག་པ་ཞིག་གིས་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱི་གསར་འགོད་པར། བདེ་སྲུང་གི་བྱ་བ་གལ་ཆེ་ཤོས་གཅིག་ནི་དམག་མིའི་རུ་སྒྲིག་དེ་རེད། ང་ཚོས་གནམ་བདེ་སྒོ་མོ་ཆེའི་ཉེ་འགྲམ་རྒྱ་ལམ་གྱི་རླངས་འཁོར་ལ་བཀོད་འདོམས་ལེགས་པོ་བྱེད་དགོས། དེ་མིན་མང་ཚོགས་དང་མགྲོན་ཁང་བཅས་ལའང་ཞིབ་བཤེར་སྔར་ལྷག་བྱ་རྒྱུ་རེད། ཅེས་བརྗོད་འདུག་པ་དང་། ཉིན་ཤས་གོང་རྒྱ་ནག་གི་སྤྱི་བདེ་བློན་ཆེན་ཀྲའོ་ཁེ་ཀྲི་ (Zhao Kezhi) ཟེར་བ་དེས། འཇིགས་སྐུལ་དྲག་སྤྱོད་འགོག་སྲུང་སྐོར་གྱི་རྒྱལ་ཡོངས་ཚོགས་ཆེན་ཞིག་གི་སྟེང་ལ། ང་ཚོས་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། འཚེ་བ་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་གནད་དོན་འགོག་ཆེད་དགོས་ངེས་ཀྱི་ཐབས་བྱུས་ཚགས་ཚུད་ལག་བསྟར་བྱེད་དགོས་ཀྱི་འདུག ཅེས་བརྗོད་འདུག་པ་དང་། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟུར་འདོན་གྱིས་ཁུལ་དེའི་གནས་སྟངས་ད་དུང་ཛ་དྲག་པོ་ཡིན་སྟབས། སྤྱི་བདེ་ཉེན་རྟོག་ཕྱོགས་ནས་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་འགུལ་ལ་ཁ་གཏད་ནན་པོ་གཅོག་དགོས་སྐོར་བརྗོད་ཡོད་འདུག

བོད་ནང་དུ་རྒྱ་ནག་གཞུང་གིས་གནད་འགག་གི་སྐབས་སུ་རྒྱལ་ཁབ་དང་མི་མང་ལ་འཛིན་པའི་གཅེས་སེམས་མཐོར་འདེགས་ཀྱིས། སྤྱི་ཚོགས་བདེ་འཇགས་ལ་དོ་ནན་དང་མི་མང་གི་ལྷིང་འཇགས་འཚོ་བ་སྲུང་སྐྱོང་དགོས་སྐོར་སོགས་བརྗོད་དེ་སྔར་ལས་དམ་དྲག་དང་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་བཞིན་ཡོད་པ་དང་། ས་གནས་ཁག་གི་དཔོན་རིགས་ཚོར་སྤྱི་ཚོགས་དྲ་ལམ་སོགས་ནས་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་མི་ཆོག་པའི་འབོད་སྐུལ་གཏོང་གི་ཡོད་པ་མ་ཟད།  ས་གནས་དཔོན་རིགས་དང་སྒྲིག་འཛུགས་ཁག་གི་མགོ་འཁྲིད་ཚོས་དུས་ཆེན་གྱི་སྔ་གཞུག་ཏུ་ཡར་མར་འགྲོ་སྐྱོད་བྱ་རྒྱུ་གང་ཐུབ་ཀྱིས་ཉུང་དུ་གཏོང་བ་དང་། སོ་སོའི་འགྲོ་འདུག་སྤྱོད་གསུམ་ལ་ཡིད་གཟབ་དགོས་པ། དེ་བཞིན་སློབ་གྲྭ་དང་དགོན་སྡེ་སོགས་སྒྲིག་འཛུགས་ཁག་གི་ཁོངས་གཏོགས་རྣམས་ནས་སྲིད་གཞུང་གི་བཀོད་འདོམས་ལྟར། དུས་ཆེན་བསུ་བའི་བྱ་འགུལ་རིགས་ཀྱི་ནང་ཧུར་ཐག་གིས་ཆ་ཤས་ལེན་དགོས་པ་སོགས་ཀྱི་བཀའ་རྒྱ་གཏོང་གི་ཡོད་འདུག

ཡང་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་གྱི་རྒྱལ་སྟོན་དུས་ཆེན་ཆེད། རྒྱ་ནག་གཞུང་གིས་ཚོར་ཤུགས་སྐྱེན་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་ནས་པེ་ཅིན་དང་། ལྷོ་བརྒྱུད་ཀོང་ཏུང་ཞིང་ཆེན་སོགས་སུ་དམ་དྲག་དང་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཉེ་འཁྲིས་ཀྱི་གཞུང་ལམ་ཆེ་ཁག་རྣམས་བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་དམག་མིའི་རུ་སྒྲིག་སྦྱོང་བརྡར་ཆེད་སྒོ་བརྒྱབས་ཡོད་པ་མ་ཟད། བདུན་འདིའི་གཟའ་མཇུག་ལའང་སྒོ་རྒྱག་རྒྱུ་ཡིན་འདུག དེ་བཞིན་ཁ་སང་ནས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེར་སྔར་མེད་པའི་ཞིབ་བཤེར་ས་ཚིགས་དང་འཕྲུལ་ཆས་སོགས་བཙུགས་ཡོད་པ་དང་། ཡུལ་སྐོར་བ་རྣམས་ཀྱི་ཁུག་མ་དང་ཅ་དངོས་ལ་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཉེ་འཁྲིས་ཀྱི་ཁྲོམ་ར་ཆེ་གྲས་ཀྱི་སྒོ་ཁར་ཡང་ཉེན་རྟོག་པ་དང་ཞིབ་བཤེར་འཕྲུལ་ཆས་བཙུགས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག ཡང་ཉེན་རྟོག་པ་རེ་ཟུང་ཞིག་གིས་གཞུང་ལམ་དང་རླངས་འཁོར་འབབ་ཚུགས་སོགས་སུ་ཡོད་པའི་མི་མང་ལ་གང་བྱུང་ངོ་སྤྲོད་ལག་འཁྱེར་ཡོད་མེད་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། གྲོང་ཁྱེར་གཞན་ནས་མེ་འཁོར་བརྒྱུད་པེ་ཅིན་དུ་སྐྱོད་མཁན་འགྲུལ་བ་རྣམས་ལའང་རྒྱུན་ལྡན་ལྟར་མ་ཡིན་པར་ཞིབ་བཤེར་ལན་གཉིས་ཙམ་བྱེད་ཀྱི་ཡོད་འདུགསང་ཉིན་ཕྱི་ཚེས་ ༢༠ ནས་མགོ་འཛུགས་ཀྱིས་ཕྱི་ཟླ་ ༡༠ པའི་ཚེས་ ༢ བར་པེ་ཅིན་གྱི་ནམ་མཁར་ཤོག་བྱ་དང་། ཕུག་རོན། མཁའ་སྐྱོད་པར་ཆས་(Drone) སོགས་འཕུར་གཏོང་ཆོག་གི་མེད་པ་དང་། སྲིད་གཞུང་གིས་ཟླ་སྔོན་མར་སྦྲག་ཁང་རྣམས་ཀྱིས་དོགས་པ་ཆེ་བའི་ཅ་དངོས་རིགས་དབོར་འདྲེན་མི་ཆོག་པ་མ་ཟད། ཞིབ་བཤེར་མ་བརྒྱུད་པའི་ཅ་དངོས་རིགས་དབོར་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

གཞན་ཡང་རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་དང་བསྟུན་རྒྱལ་ཡོངས་ནང་དྲ་ལམ་ཚད་བཀག་བྱེད་ཀྱི་ཡོད་པར་བརྟེན། ཁ་སང་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་གསར་ཁང་ (Global Times) གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཤི་ཅིན་(Hu Xijin) ཟེར་བ་དེས་སྒེར་གྱི་ཝེ་པོ་ཐོག རྒྱལ་སྟོན་དུས་ཆེན་བསླེབ་ལ་ཉེ་བ་དང་བསྟུན། དྲ་ལམ་ནང་ཞུགས་རྒྱུ་ཧ་ཅང་ཁག་པོ་འདུག ང་ཚོ་གོ་ལའི་དུས་བབ་ཀྱི་ལས་ཀར་ཡང་དོ་ཕོག་ཐེབས་བཞིན་འདུག ཅེས་དང་། རྒྱལ་ཁབ་འདི་ཉམ་ཆུང་ཞིག་མིན་པ་དང་། རྒྱ་ནག་གི་སྤྱི་ཚོགས་ལ་ཕྱིའི་དྲ་རྒྱར་ཞུགས་རྒྱུའི་གོ་སྐབས་ཆེ་བ་དགོས་ཀྱི་འདུག དེ་ལྟར་བྱས་ཚེ་རྒྱ་ནག་གི་མང་ཚོགས་ཀྱི་བསམ་ཚུལ་དང་། ཚན་རིག་ཞིབ་འཇུག ཕྱིའི་འབྲེལ་ལམ། དེ་བཞིན་རྒྱ་ནག་གི་ཁེ་ཕན་བཅས་ཀྱི་གནས་ཚད་མཐོ་རུ་དང་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་བརྗོད་དེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ལྟ་བུ་བྱས་འདུག་ཀྱང་། ཕྱིས་སུ་སྐད་ཆ་དེ་དག་ཁོ་རང་གིས་ནག་གསུབ་བཏང་ཡོད་འདུག

རྒྱལ་སྟོན་དུས་ཆེན་གོ་སྒྲིག་ཚོགས་ཆུང་གིས་བསྒྲགས་པ་ལྟར་ན། འདི་ལོའི་དྲག་དམག་གི་རུ་སྒྲིག་དེ་རྒྱལ་སྟོན་དུས་ཆེན་ཐེངས་ ༥༠ པ་དང་ ༦༠ པ་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༧༠ འཁོར་བའི་དུས་དྲན་གྱི་དྲག་དམག་རུ་སྒྲིག་ལས་ཀྱང་གཞི་རྒྱ་ཆེ་བ་ཡོད་སྐོར་དང་། རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏམ་བཤད་བྱ་རྒྱུ་དང་། དེར་ཁྱོན་མི་གྲངས་འབུམ་ ༡ ལྷག་འཛོམས་འཆར་ཡོད་འདུགའདི་ལོའི་རྒྱལ་སྟོན་དུས་ཆེན་དེ་ཨ་རྒྱའི་ཚོང་དམག་གི་གནོན་ཤུགས་དང་། ཧོང་ཀོང་གི་དམངས་གཙོའི་ངོ་རྒོལ་ལས་འགུལ་གྱི་ཚ་རླབས་འཕྱུར་བཞིན་པའི་སྐབས་དང་འཁེལ་ཡོད་པ་དང་། ཧོང་ཀོང་ནང་མཚོན་ན་གཞུང་གིས་ལོ་ལྟར་རྒྱལ་སྟོན་དུས་ཆེན་ལ་ཤོག་སྦག་བཀད་དེ་དུས་དྲན་སྲུང་གཙི་བྱེད་ཀྱི་ཡོད་ཀྱང་། ཁ་སང་ཧོང་ཀོང་གཞུང་གིས་ད་ལྟའི་ཧོང་ཀོང་གི་གནས་སྟངས་དང་མི་མང་གི་བདེ་དོན་ལ་གཞིགས་ཏེ་འདི་ལོར་ཤོག་སྦག་དགད་རྒྱུ་མིན་སྐོར་གསལ་བསྒྲགས་བྱས་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༡༤ ལོར་ཡང་ཧོང་ཀོང་ནང་ཉི་གདུགས་གསར་བརྗེའི་ལས་འགུལ་གྱི་རྐྱེན་པས་ཉིན་དེར་ཤོག་སྦག་བཀད་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༩

Leave a Reply

One thought on “རྒྱལ་སྟོན་དུས་ཆེན་བསླེབ་ལ་ཉེ་བ་དང་དམ་དྲག་དོགས་ཟོན་ཇེ་ཆེ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    མི་མང་གི་བདེ་འཇགས་ལས་གལ་ཆེ་བ་གང་ཡང་མེད་ན་
    ཡག་པོ་རེད་འོན་ཀྱང་གྲངས་ཉུང་མི་རིགས་ཟུར་འདོན་བྱ་རྒྱུ་
    དེ་མི་རིགས་འདྲ་མཉམ་གྱིས་སྲིད་ཇུས་དང་མ་མཐུན་པ་ལ་
    ངོས་འཛིན་བྱེད་ཀྱི་ཡོད།