འཛམ་གླིང་རྒྱལ་ཁབ་ ༡༥༠ ནང་ཁོར་ཡུག་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ།

སློབ་ཕྲུག་ཚོས་སྣེ་འཁྲིད་དེ་འཛམ་གླིང་རྒྱལ་ཁབ་ ༡༥༠ ཡི་ནང་གོ་ལའི་ཁོར་ཡུག་གི་ངོ་རྒོལ་ལས་འགུལ་ཞེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་མགོ་འཛུགས་བྱས་ཏེ་མ་འོངས་པའི་མི་རབས་རྣམས་ཀྱི་སློབ་སྦྱོང་ཆེད་འཛམ་གླིང་འདི་སྲུང་སྐྱོབ་བྱ་རྒྱ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བསྒྲགས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འགྱུར་ལྡོག་ཐད་ཀྱི་ལྷན་ཚོགས་འཚོག་ལ་ཉེ་བ་དང་བསྟུན། དེ་རིང་དང་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨོ་གླིང་དང་། སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ། ཐའེ་ལན་ཌི། ཧྥ་རན་སི། འཇར་མན། ཨ་ཧྥེ་རི་ཁའི་རྒྱལ་ཁབ། དེ་བཞིན་ཨ་རི་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་ཁྱོན་ ༡༥༠ ནང་གོ་ལའི་ཁོར་ཡུག་གི་ངོ་རྒོལ་ལས་འགུལ་ (Global Climate Strike) ཞེས་པའི་སློབ་ཕྲུག་རང་བཞིན་གྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་གཞུང་ངོས་ནས་འགྱུར་རྡོའི་སྣུམ་རྫས་ (Fossil Fuel) བཀོལ་སྤྱོད་བྱེད་ཕྱོགས་མཚམས་འཇོག་དང་ཀུན་ལ་ཁོར་ཡུག་དྲང་བདེན་ཞིག་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག

ད་ལན་གྱི་ཨོ་གླིང་གི་ཁོར་ཡུག་ལས་འགུལ་གྱི་གོ་སྒྲིག་པ་གཙོ་བོ་ཌེ་སི་ཇེ་ཧྥེ་རི་ (Daisy Jeffrey) ཡིས། ང་ཚོ་མིའི་རིགས་ཆེས་ཡ་ང་བའི་དཀའ་སྡུག་ཅིག་ནང་ལྷུང་ཡོད་ཀྱང་། གཞུང་གིས་དེར་གང་ཡང་བྱེད་ཀྱི་མེད་པ་རེད། ང་ཚོ་མི་རེ་ངོ་རེས་རང་གི་ལམ་བུ་དེད་ནས་གཞན་ལའང་དེ་ལྟར་བྱ་རྒྱུའི་སྐུལ་སློང་བྱས་ཏེ། དཀའ་ངལ་འདི་ནས་ཐར་རྒྱུའི་ཐབས་ལམ་བསྐྲུན་ཐུབ། ཅེས་བརྗོད་འདུག་པ་དང་། ཡང་རང་ལོ་ ༡༢ ཡིན་པའི་སློབ་བུ་ཨེ་ལི་སོན་ (Alison) ཟེར་བ་ཞིག་གིས། ཨོ་གླིང་གི་རྒྱལ་ས་ཁེན་བྷེ་རའི་ (Canberra) ལས་འགུལ་སྟེང་། ཆབ་སྲིད་པ་རྣམས་ཀྱིས་ང་ཚོ་སློབ་གྲྭར་མ་ཕྱིན་པ་དེར་སེམས་ཁྲལ་བྱེད་ཀྱི་ཡོད། ཡིན་ན་ཡང་། ང་ཚོས་འདིར་འཛམ་གླིང་དང་ང་ཚོར་འཕྲད་བཞིན་པའི་ཉེན་ཁ་དང་། དེ་དག་སེལ་ཐབས་སྦྱོང་བཞིན་ཡོད། ང་ཚོས་སློབ་གྲྭར་འགྲིམ་སྟེ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་པ་ཤེས་ཀྱི་ཡོད་ཀྱང་། ང་ཚོས་མ་འོངས་པའི་མི་རབས་རྣམས་ཀྱི་སློབ་སྦྱོང་ཆེད་འཛམ་གླིང་འདི་སྲུང་སྐྱོབ་བྱ་རྒྱ་དེ་བས་ཀྱང་གལ་ཆེན་ཡིན་པ་ཤེས་ཀྱི་ཡོད། ཅེས་བརྗོད་འདུགདེ་ཡང་ཨོ་གླིང་གི་སིཌ་ནི་ཞོགས་པའི་བརྡ་འཕྲིན་ (The Sydney Morning Herald) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། དེ་རིང་ཨོ་གླིང་གི་གྲོང་ཁྱེར་ཆེ་ཁག་ ༨ དང་གྲོང་ཚོ་ ༡༠༠ ནང་མི་གྲངས་འབུམ་ ༣ ལྷག་ཁོར་ཡུག་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། སློབ་གྲྭ་དང་སློབ་ཆེན། དེ་བཞིན་ཚོང་ལས་ཁང་མང་པོས་རང་ཁོངས་ཀྱི་སློབ་མ་དང་ལས་མི་རྣམས་ལས་འགུལ་ནང་ཞུགས་རྒྱུར་བཀག་འགོག་བྱས་མེད་པ་དང་། དེ་བཞིན་ཨ་རིར་མཚོན་ན་རྒྱ་ཁབ་ཏུ་ལས་འགུལ་ཆེ་ཆུང་ ༨༠༠ ལྷག་སྤེལ་འཆར་ཡོད་པ་དང་། དེའི་ཆེད་དུ་སློབ་གྲྭ་ཁག་གིས་སློབ་མ་ས་ཡ་ ༡ ལྷག་ལ་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུར་དགོངས་པ་སྤྲད་ཡོད་འདུག གཞན་ཡང་འཇར་མན་ནང་དུ་ཡོང་ཁྱོན་ལས་འགུལ་ཆེ་ཆུང་ ༤༠༠ ལྷག་སྤེལ་རྒྱུ་ཡིན་འདུག

འཛམ་གླིང་ཧྲིལ་བོའི་ནང་ཁོར་ཡུག་དང་འབྲེལ་བའི་ལས་འགུལ་སྤེལ་བཞིན་པར་ལྟར། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཐོག་ རྡོ་ལ་དྷར་རི་བོའི་གཙང་བཟོ་བ་ (Dhauladhar Cleaners) ཞེས་པའི་ཁོར་ཡུག་ཚོགས་པ་ཞིག་གི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཕྱི་སྒོའི་གསུམ་མདོ་ནས་ཁོར་ཡུག་གི་གལ་ཆེའི་རང་བཞིན་སྐོར་གྱི་དྲིལ་བསྒྲགས་ལས་འགུལ་དང་། དེའི་རྗེས་མེག་གྷན་ཁྲོམ་གཞུང་ལྟེ་བའི་བར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དང་སྦྲགས། ཁོར་ཡུག་དང་འབྲེལ་བའི་འཁྲབ་སྟོན་ཐུང་ཐུང་ཞིག་ཀྱང་བྱ་རྒྱུ་ཡིན་འདུགད་ལན་གྱི་ཁོར་ཡུག་ལས་འགུལ་དེ་ནི་རང་ལོ་ ༡༦ ཡིན་པའི་སི་ཝེ་ཌེན་ (Sweden) རྒྱལ་ཁབ་ཀྱི་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་བུ་མོ་གྷེ་རེ་ཊ་ཐན་བྷག་(Greta Thunberg) ལགས་ནས་སྐུལ་སློང་ཐེབས་པ་ཞིག་ཡིན་འདུག་ལ། ཐན་བྷག་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་མགོ་འཛུགས་ཀྱིས་སི་ཝེ་ཌེན་གྱི་གྲོས་ཚོགས་ཕྱི་ལོགས་ནས་རེས་གཟའ་པ་སངས་ནམ་ཡིན་ལ་འཕྲེད་དར་འཁུར་ཏེ། གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་དང་། དེར་རིམ་པས་སློབ་མ་གཙོས་པའི་ཁོར་ཡུག་སྲུང་སྐྱོབ་པའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་ཁོང་མོའི་གནས་ཚུལ་དང་འབྲེལ་ནས་ཁོར་ཡུག་གི་ཐོག་ལ་གླེང་སློང་དང་བགྲོ་གླེང་ཤུགས་ཆེ་རུ་ཕྱིན་པའི་རྐྱེན་གྱིས། ན་གཞོན་སློབ་མའི་ཁྲོད་དུ་ཁོང་མོར་རྗེས་འབྲང་གི་ཁོར་ཡུག་ལས་འགུལ་བ་མང་པོ་ཐོན་ཡོད་པ་དང་། ད་ལྟ་ཁོང་མོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་བདམས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁོར་ཡུག་དང་འབྲེལ་བའི་གཏམ་བཤད་མང་པོ་སྤེལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཁོང་མོས་སྣེ་འཁྲིད་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁོར་ཡུག་ལས་འགུལ་དེར་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་ཡོད་འདུག་ལ། དེ་རིང་གྷེ་ཏེ་ཊ་ཐན་བྷག་ལགས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཁོར་ཡུག་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག་པ་མ་ཟད། བདུན་ཕྲག་རྗེས་མའི་ནང་འཚོག་གཏན་འཁེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཐོག་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply

One thought on “འཛམ་གླིང་རྒྱལ་ཁབ་ ༡༥༠ ནང་ཁོར་ཡུག་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ།

  1. གཞུང་པ་ཚེ་དབང་བསོད་ནམས་

    འཁོར་ཡུག་ལ་སྦག་རྩོག་དང་ཉམས་ཆགས་མི་འགྲོ་བའི་ཆེད་ནམ་རྒྱུན་དུ་མི་
    སྒེར་སོ་སོའི་ཉིན་རེའི་འཚོ་བའི་བྱ་བཞག་ནང་འཁོར་ལ་མི་གནོད་པའི་འགན་
    འཁུར་ལེན་དགོས་པ་ལས་འཁོར་ཡུག་སྲུང་སྐྱོབས་ཆེད་ཚོགས་འདུ་ཚོགས་པ་དང་
    སྐད་འབོད་ཁྲོམས་སྐོར་གྱིས་ལས་འགུལ་སྤེལ་རྒྱུ་སོགས་ནི་ཆབ་སྲིད་མིང་གྲགས་ཀྱིས་
    ལས་འགུལ་ཙམ་ལས་དོན་དངོས་འཁོར་ཡུག་སྲུང་སྐྱོབས་ཆེད་ལས་འགུལ་ལ་ནམ་
    ཡང་ཁ་ཕྱོགས་མི་ཐུབ་པ་ནི་ཉན་མཁན་ལས་བཤོད་མཁན་མང་བའི་དུས་རབས་ནང་
    ང་ཚོ་སླེབས་ཡོད་པ་དེ་ཡང་ཤེས་དགོས་པ་བཅས།

    སླར་སྨྲས་པ་

    སྔོན་དུས་སྐལ་བཟང་དུས་བཟང་བཟང་སྤྱོད་འོག།
    རི་ལུང་རྩ་ཚིག་འོག་ཏུ་འཁོར་ཡུག་སྲུང།
    དུས་ངན་ཤར་ནས་མི་ངན་ས་སྟེང་ཁེངས།
    རི་ལུང་མཚོ་ཆེན་ཐམས་ཅད་གཏོར་ཤིག་བཏང།