ཡང་གླིང་ཕྲན་རྒྱལ་ཁབ་ཅིག་གིས་ཐའེ་ཝན་ལ་ཕྱི་འབྲེལ་བཅད།

རྒྱ་ནག་རྒྱལ་སྟོན་དུས་ཆེན་ཐེངས་ ༧༠ པ་བསླེབ་ལ་ཉེ་བ་དང་བསྟུན་ཐའེ་ཝན་གྱི་ཕྱི་འབྲེལ་རྒྱལ་ཁབ་ཁག་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུགཁ་སང་ཕྱི་ཚེས་ ༢༠ ཉིན། ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཁེར་བྷ་ཊི་(Kiribati)རྒྱལ་ཁབ་ཀྱིས་རྒྱ་ནག་གཞུང་ལ་ཕྱི་འབྲེལ་བཙུགས་ཏེ། ཐའེ་ཝན་མཚོ་གླིང་དང་འབྲེལ་ལམ་བཅད་ཡོད་པ་དང་། གནད་དོན་དེ་ནི་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་(Solomon Islands)ཀྱིས་ཐའེ་ཝན་དང་འབྲེལ་ལམ་བཅད་རྗེས་ཀྱི་བདུན་ཕྲག་གཅིག་གི་ནང་། རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱི་འབྲེལ་གྱི་ནུས་པ་རྒྱ་སྐྱེད་གཏོང་བའི་སྲིད་བྱུས་ཀྱི་ཤུགས་རྐྱེན་གསལ་པོ་ཞིག་ཡིན་འདུག

གནད་དོན་དེའི་ཐད་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ཀུན་ཧྲང་ (Geng Shuang)ཟེར་བ་དེས། ཁེར་བྷ་ཊི་གླིང་ཕྲན་རྒྱལ་ཁབ་ཀྱི་ཐག་གཅོད་དེ་ནི་ཧ་ཅང་ཡག་པོ་ཡིན་པ་དང་། ཐག་གཅོད་དེས་མ་འོངས་པར་གླིང་ཕྲན་རྒྱལ་ཁབ་དེའི་མི་སེར་ཚོར་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་ཐད་གྲུབ་འབྲས་ཆེན་པོ་འབྱུང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་བྱུས་ལ་ལྷག་བསམ་རྣམ་དག་གིས་ངོས་ལེན་བྱས་ཡོད་པས། རྗེས་ཕྱོགས་རྒྱ་ནག་དང་མཉམ་དུ་སུ་ཞིག་གིས་ཚོང་འབྲེལ་འཛུགས་འདོད་ན་དང་པོ་རྒྱ་ནག་གཅིག་གི་སྲིད་བྱུས་དང་ཁས་ལེན་མ་བྱས་ན་ཡོང་ཐབས་མེད་སྐོར་བརྗོད་འདུག

ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་རྗོ་སི་ཧྥེ་ཝོ་(Joseph Wu)ཡིས་ཁེར་བྷ་ཊི་གླིང་ཕྲན་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་འབྲེལ་ལམ་གཅོད་དོན་རྒྱ་ནག་གཞུང་གིས་དཔལ་འབྱོར་རོགས་སྐྱོར་དང་། འཛུགས་སྐྲུན་ལས་གཞི་ཤུགས་ཆེར་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་པས་ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་མུ་མཐུད་ཐའེ་ཝན་གླིང་ཕྲན་ཁེར་རྐྱང་དུ་ཕུད་ཆེད་ད་ལྟ་ཐའེ་ཝན་དང་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་ཚོར་ཕྱོགས་ཡོང་ནས་བསླུ་བྲིད་དང་བཙན་བཀའ་གཏོང་བཞིན་ཡོད་སྐོར་བརྗོད་འདུགརྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་ཚོས་དུས་ཐུང་ཞིག་གི་ནང་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ལྐོག་བྱུས་མང་པོ་འཐེན་ཏེ། ཐའེ་ཝན་དང་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་འཛུགས་ཐབས་བྱེད་དོན་ནི། དམར་ཤོག་པ་བཙུགས་ནས་ལོ་ ༧༠ འཁོར་བའི་དུས་དྲན་བསླེབ་ལ་ཉེ་བ་དང་རྒྱ་ནག་མི་སེར་ཚོའི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐབས་དང་། ཧོང་ཀོང་གི་གནད་དོན་སོགས་གནད་དོན་ཆེ་ཁག་རིགས་གླེང་སློང་མི་ཡོང་ཆེད་ཡིན་སྐོར་བརྗོད་འདུག

ཁ་སང་ནས་རྒྱལ་སྤྱིའི་ཐོག་ཐའེ་ཝན་གླིང་ཕྲན་དང་ཕྱི་འབྲེལ་ཡོད་མཁན་རྒྱལ་ཁབ་ ༡༥ ལས་ལྷག་མེད་པ་དང་།  རྒྱལ་ཁབ་དེ་དག་མང་ཆེ་ཤོས་གླིང་ཕྲན་རྒྱལ་ཁབ་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་ཁག་ཅིག་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེན་ཝིན་མཆོག་གིས་སྲིད་འཛིན་གྱི་ལས་ཁུར་ཞུས་པ་ནས་བཟུང་། བྷར་ཀི་ན་ཧྥ་སོ་ (Burkina Faso) དང་ཌོ་མི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) ། ཤོ་ཐོ་མེ་དང་པེ་རིན་སི་ཕི་ (Sao Tome and Principe) དང་པ་ན་མ་ (Panama) ། ཨེལ་སལ་ཝོ་ཌོར་ (El Salvador) དང་སོ་ལོ་མོན་ (Solomon Islands) བཅས་གླིང་ཕྲན་རྒྱལ་ཁབ་ ༧ གྱིས་རིམ་པ་བཞིན་ཕྱི་འབྲེལ་སྲིད་བྱུས་རྒྱ་ནག་ལ་ཁ་ཕྱོགས་བསྒྱུར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༢༡

Leave a Reply