གཞུང་བསྟེན་དགྲ་ལྷའི་སྐུ་རྟེན་སྐོར་ལ་དོགས་འདྲི་གསལ་བཤད་གནང་།

ཆོས་རིག་བཀའ་བློན་མཆོག་གིས་མི་མང་གིས་ཡར་ཕུལ་བ་མ་གཏོགས་དགོན་པ་ནས་མར་བླངས་པ་དེ་སྲོལ་རྒྱུན་དང་ཏོག་ཙམ་མ་མཐུན་པ་ལྟ་བུ་ཡིན་ཡང་དེང་སང་གི་འགྲོ་སྟངས་ཆ་ནས་ཆོག་མ་ཆོག་ཞུ་ཚོད་ཐུབ་ཀྱི་མེད་སྐོར་གསུངས་སོང་།དེ་རིང་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་གཉིས་པའི་སྔ་དྲོར།  བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས། གཞུང་བསྟེན་དགྲ་ལྷའི་སྐུ་རྟེན་སྐོར་དང་སྐུ་རྟེན་གསར་པ་ཁ་རག་ཁྱུང་བཙུན་དང་རྡོ་རྗེ་གཡའ་མ་སྐྱོང་གཉིས།དེ་བཞིན་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་སོགས་ཀྱི་སྐོར་སྤྱི་འཐུས་སྒེར་གྱི་དགོངས་ཚུལ་དང་། བཀའ་ཤག་གི་ལན་འདེབས་གསལ་བཤད་བཅས་གནང་སོང་།

སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། ཆོས་རིག་ལས་ཁུངས་ངོས་ནས་སྔར་གྱི་གཞུང་བསྟེན་དགྲ་ལྷའི་སྐུ་རྟེན་མ་ཡིན་པའི་སྐུ་རྟེན་གསར་པ་གཉིས་ལ་གསོལ་ཕོགས་ཀྱི་དོད་གནང་གི་ཡོད་པ་ལྟར། སྐུ་རྟེན་གསར་པ་དེ་གཉིས་ཀྱིས་ད་བར་རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་གང་གནང་ཡོད་པ་དང་། སྐུ་རྟེན་དེ་གཉིས་ཆ་རྐྱེན་གང་གི་ཐོག་ནས་གཞུང་བསྟེན་དགྲ་ལྷའི་སྐུ་རྟེན་གྲས་སུ་བསླེབས་ཡོད་མེད་སོགས་དོགས་འདྲི་གནང་བ་དང་འབྲེལ། གཉན་ཆེན་ཐང་ལྷའི་སྐུ་རྟེན་གྱི་སྤྱོད་ཚུལ་བཟང་པོ་མེད་སྐོར་གླེང་སློང་འབྱུང་བཞིན་པར་བརྟེན། ཆོས་རིག་ལས་ཁུངས་ངོས་ནས་དེར་སྟངས་འཛིན་བྱེད་དགོས་པའི་དགོངས་ཚུལ་ཕུལ་བར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། སྐུ་རྟེན་གསར་པ་གཉིས་དེ་དགའ་ལྡན་ཕོ་བྲང་དང་བཀའ་མོལ་བྱུང་བའི་ཐོག་ནས་སྐུ་རྟེན་གྲས་ལ་ཕེབས་པ་ཞིག་ཡིན་པ་དང་། ཕྱག་ལས་ཐད་ད་ལྟ་ཡོད་བཞིན་པའི་སྐུ་རྟེན་ནང་བཞིན་ཁུངས་སོ་སོར་ཐེངས་གཅིག་གཉིས་ཤིག་ལ་བཀའ་ལུང་ཞལ་གསལ་པོ་གནང་ཡོད་སྐོར་དང་། གཉན་ཆེན་ཐང་ལྷའི་སྐུ་རྟེན་ཐད་ཆོས་རིག་ལས་ཁུངས་ངོས་ནས་ཐབས་མཁས་པོའི་ཐོག་ནས་ཁོང་སྐུ་སྒེར་ལ་མཇལ་འཕྲད་སྐབས་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ད་ལྟའི་ཆར་གཞུང་བསྟེན་དགྲ་ལྷའི་ཁོངས་སུ་ཚེ་རིང་སྤྱན་ལྔ་དང་། བསྟན་མ་བཅུ་གཉིས་ཁྲོད་ཀྱི་གང་འཚམ་ཞིག་ཕེབས་བསྡད་ཀྱི་འདུག་པས། གང་འཚམ་ནས་བསྟན་མ་བཅུ་གཉིས་ཆ་ཚང་དང་། ད་དུང་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུ་སོགས་ཀྱང་ཕེབས་མ་སྲིད་པ་ལྟ་བུ་མིན་པ་དང་། དེར་མཐུན་གཞུང་གིས་སྐུ་རྟེན་ཁག་ལ་གསོལ་ཕོགས་སྤྲད་རྒྱུ་ཡང་ཇེ་མང་དུ་འགྲོ་སྲིད་སྟབས། རང་བཞིན་གྱིས་གནས་སྟངས་གཞན་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཡོད་སྐོར་གསུངས་པ་དེར་ཆོག་རིག་བཀའ་བློན་མཆོག་གིས། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱིས་སྔར་གྱི་དགའ་ལྡན་ཕོ་བྲང་དང་། དེ་ནས་བཙན་བྱོལ་བོད་གཞུང་གི་རྒྱུན་མཐུད་ནས་བསྡད་ཡོད་སྟབས། སྔར་ལྟར་གཞུང་བསྟེན་སྲུང་མ་གཙོ་བོ་དམར་ནག་གཉིས་ཡིན་པ་དང་། དེའི་འཁོར་དང་གྲོགས་ཀྱི་ཚུལ་དུ་ལྷ་གཞན་པ་རྣམས་བཞག་པ་ལས་སྲུང་མ་གཙོ་བོ་གཉིས་དང་གོ་ས་གཅིག་ཆགས་ཀྱི་མེད་པའི་བཟོ་ལྟ་བུ་ཡིན་པ་དང་། གནད་དོན་གཞན་ནི་བརྟན་བཞུགས་དང་མཛད་སྒོ་གལ་ཆེན་ཁག་ཏུ་ལྷ་མི་ཟུང་འབྲེལ་དགོས་ཀྱི་ཡོད་སྟབས། ལྷའི་སྐུ་ཚབ་ལྟ་བུ་གང་མང་མང་བྱུང་ན་དེར་དགོས་པ་དང་དགེ་མཚན་ཡོད་པ་ལྟ་བུ་ཡིན་པ་དང་། དེའི་ཐད་ཆོས་རིག་ལས་ཁུངས་ནས་རིམ་པས་གཟིགས་རྒྱུ་ཡིན་སྐོར་སོགས་གསུངས་སོང་།ཡང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་ལྟར། ཆོས་རིག་ལས་ཁུངས་ངོས་ནས་ཀྱང་གྲྭ་པ་བཟོ་མཁན་མི་འདུག་དགོངས་ནས་སྐྱ་བོའི་དགོན་སྡེ་ལྟ་བུ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་མེད་དྲིས་པར་ཆོས་རིག་བཀའ་བློན་མཆོག་གིས། སྤྱིར་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་ཕྱིན་ན་ཡང་དགོན་སྡེ་གནས་ཐུབ་པ་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དགོན་སྡེ་རྣམས་ཀྱིས་སེར་སྐྱ་མི་མང་གི་ཆེད་དུ་ཕྱི་ལོགས་ལ་ནང་ཆོས་བསླབ་སའི་ལྟེ་གནས་དེ་འདྲ་བསྐྲུན་དང་སྐྲུན་བཞིན་ཡོད་སྟབས། དེས་དགོན་སྡེ་ཁག་གི་དེ་སྔའི་གནས་སྟངས་ལ་དོ་ཕོག་མི་འགྲོ་བའི་ཐོག་ལ། མང་ཚོགས་ལ་ཡང་ནང་ཆོས་ངོ་སྤྲོད་གནང་ཐུབ་ཀྱི་ཡོད་པ་ལས། སྐྱ་བོ་ཕོ་མོ་རྣམས་དགོན་པའི་སློབ་གཉེར་ནང་བཅུག་ཚེ་འགྲིག་མ་འགྲིག་ཅི་རིགས་ཡོད་སྲིད་སྐོར་གསུངས་སོང་།

ཡང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། དེ་སྔ་ཡིན་ན་མང་ཚོགས་ཀྱིས་དྭང་བླངས་ཐོག་དཀའ་ལས་བརྒྱབས་ནས་དགོན་པོ་རྣམས་ཡར་བཞེངས་པ་རེད། འོན་ཀྱང་དེང་སང་མི་མང་ཚོར་དངུལ་གྱིས་མ་འདང་བ་ལྟ་བུའི་དཀའ་ངལ་འཕྲད་དུས་ལམ་སེང་དགོན་སྡེ་ཁག་ནས་མར་ལེན་ཐབས་བྱེད་ཀྱི་ཡོད་པ་དེས། སྤྱི་མཐུན་བསོད་ནམས་གསོག་གི་ཡོད་མེད་ཐད་ཆོས་རིག་བཀའ་བློན་མཆོག་གིས་ག་རེ་དགོངས་ཀྱི་ཡོད་དྲིས་པར་ཆོས་རིག་བཀའ་བློན་གིས། སྤྱིར་བཏང་ལན་ཐག་ཆོད་པོའི་ཐོག་ནས་ཞུ་ཐབས་མེད་ཀྱང་། སྤྱི་མཐུན་བསོད་ནམས་གསོག་མིན་དེ་གཙོ་བོ་ཀུན་སློང་དང་གནས་སྟངས་ལ་རག་ལས་སྲིད་ཀྱི་ཡོད་པ་དང་། མི་མང་གིས་ཡར་ཕུལ་བ་མ་གཏོགས། དགོན་པ་ནས་མར་བླངས་པ་དེ་སྲོལ་རྒྱུན་དང་ཏོག་ཙམ་མ་མཐུན་པ་ལྟ་བུ་ཡིན་ཡང་། དེང་སང་གི་འགྲོ་སྟངས་ཆ་ནས་ཆོག་མ་ཆོག་ཞུ་ཚོད་ཐུབ་ཀྱི་མེད་སྐོར་གསུངས་སོང་།

སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས། དེང་སང་ནུབ་ཕྱོགས་ཁུལ་དུ་བོད་ནས་གཞས་པ་གཞས་མ་གདན་འདྲེན་གྱིས་དགོང་ཚོགས་སོགས་བསྡུ་སྐབས་གོ་སྒྲིག་པས་གཞས་མ་གཞས་མ་ཚོར་དཀའ་ངལ་འཕྲད་སྲིད་སྐོར་བཤད་དེ། དགོང་ཚོགས་ཀྱི་སྡིངས་ཆའི་ཐོག་སྔར་དང་མི་འདྲ་བར་༧གོང་ས་མཆོག་གི་སྐུ་པར་དང་རྒྱལ་དར་སོགས་གཤོམ་གྱི་མེད་པ་མ་ཟད། འདུ་འཛོམས་གཞན་ལྟར་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་ངག་བཅད་དང་བོད་ཀྱི་རྒྱལ་གླུ་གཏོང་གི་མེད་པའི་གནས་ཚུལ་ཐོན་བཞིན་པ་དེ་ནི། གལ་ཆེ་གལ་ཆུང་ཕྱེ་མ་ཐུབ་པ་དང་། མ་འོངས་ན་གཞོན་རྣམས་ལ་བག་ཆགས་ངན་པ་ཞིག་ཆགས་སྲིད་པས། དེའི་ཐད་འཛིན་སྐྱོང་བཀའ་ཤག་ངོས་ནས་ལམ་སྟོན་ག་རེ་གནང་རྒྱུ་ཡོད་མེད་དྲིས་པར་ཆོས་རིག་བཀའ་བློན་མཆོག་གིས། མཚམས་རེར་གཞུང་འབྲེལ་དཔོན་རིགས་དེ་འདྲ་ཕེབས་དུས་༧གོང་ས་མཆོག་གི་སྐུ་པར་བཞག་མ་ཆོག་པ་དེ་འདྲ་རྩ་བ་ནས་མེད་ཀྱང་། བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་གཏོང་བའི་ཐད་རྐྱང་སྐུམ་དེ་འདྲ་མ་བྱེད་ཀ་མེད་ལྟ་བུ་ཡོང་གི་ཡོད་ཀྱང་། དེ་མིན་གྱི་གནས་ཚུལ་ཐད་གོ་སྒྲིག་པ་ཚོས་ལས་སླ་མོའི་ཐོག་ནས་ཕར་ཕྱོགས་བཤད་པ་དེ་ག་རང་བྱེད་དགོས་དོན་མེད་སྐོར་སོགས་གསུངས་སོང་།སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ད་ལྟའི་ཆར་ཆོས་རིག་ལས་ཁུངས་ཁོངས་གཏོགས་དགོན་སྡེ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་པ་སོགས་བོད་པ་མ་ཡིན་པའི་དགེ་འདུན་པའི་གྲངས་འབོར་བརྒྱ་ཆ་ག་ཚོད་ཟིན་ཡོད་མེད་དྲིས་པར་ཆོས་རིག་བཀའ་བློན་མཆོག་གིས། འདས་ལོའི་རྩིས་བཤེར་ལྟར་ན་ཆོས་རིག་ལས་ཁུངས་ཀྱི་དགོན་ཐོའི་ནང་ཡོད་པའི་དགོན་པ་ ༢༧༨ ནང་བོད་པ་མ་ཡིན་པའི་དགེ་འདུན་པའི་བརྒྱ་ཆ་དེ་ ༦༧ ཟིན་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་དྲོ་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་གྲོས་ཚོགས་ནས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་ལྟ་ཞིབ་གནང་པའི་སྙན་ཐོ་སྒྲོགས་སྦྱང་གནང་སྟེ་བགྲོ་གླེང་གནང་བཞིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༡

Leave a Reply

2 thoughts on “གཞུང་བསྟེན་དགྲ་ལྷའི་སྐུ་རྟེན་སྐོར་ལ་དོགས་འདྲི་གསལ་བཤད་གནང་།

  1. བསོད་ནམས་རྒྱལ་མཚན།

    ཝཻ ཝཻ ཝཻ ། སྤྱི་འཐུས་ཚོ། ཞང་གོ་ ཞང་རྟགས་མ་བསྟན་ལ། ཧི་མ་ལ་ཡ་ཚོ་བོད་པ་མིན་པ་ ཁུངས་ག་རེད་སྐྱེད་ཡ་ཡོད་ ? ཆོས་དང་སྐད་ཡིག་གཅིག་གྱུར་རེད་ད། ནུབ་ལ་དྭགས་ནས་་་ ཤར་མོན་བར་ ས་ བོད་ཀྱི་ས་རེད་ད། རྒྱ་མི་གུང་ཁྲན་ཏང་གི་་་ རྒྱ་གར་ལ་ ག་ཚད་སུན་པོ་བཟོ་ཡིས་འདུག ནུབ་ལ་དྭགས་ནས་ ཤར་ཨ་རུ་ན་ཅཱལ་བར་ རྒྱ་དམར་གུང་ཁྲན་གྱིས་ བོད་ཀྱི་ས་ལ་ག་ཚད་ཤུག་རྒྱག་གི་འདུག བོང་བུ་ཡིས་བོང་རྟགས་མ་བསྟན་ལ། སྤྱི་འཐུས་འཇོན་གྱིས་མིན་འདུག་ན་ གཡུག་བཞག་ན་སྒྲིག་གི་རེད་ད། བོད་ཀྱི་ས་མཚམས་་་ Jammu, Kalka, Siliguri, NJP New Jalpaiguri, སོགས་རེད་ད། ཤེས་པར་བགྱིས་ལ། རྒྱ་གར་གྱི་རྒྱུག་ཁྱི་ཡིན་ན་ ང་རྒྱ་གར་གྱི་རྒྱུག་ཁྱི་ཡིན་ཟེར་ནས་ གྲོས་ཚོགས་ནང་ཁ་བསང་བཞག་ན་ མ་སྒྲིག་པ་ཡོད་མ་རེད་ད། ཨ་ཇོ། 😂 ང་ཚོ་བཙན་བྱོལ་གཞུང་དཀའ་ངན་ཆེན་པོ་རེད་འདུག་ག མི་ལ་གསོལ་ཕོགས། སྐུ་རྟེན་ལ་གསོལ་ཕོགས། སྤྱི་འཐུས་བོང་བུ་ཚོ་ལ་ཡང་གསོལ་ཕོགས། 🤷‍♂️ 🙀 🥵 😂

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་མི་རིགས་ཀྱི་རིག་གཞུང་ལ་བདག་པོ་རྒྱག་དགོས་ན་བོད་སྲིད་པ་ཆགས་
    པའི་ལྷ་སྲུང་རྣམས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ཕན་ཐོག་ཡོད་ན་
    ཁོང་རྣམས་ལའང་ཆེ་བསྟོད་དང་བདག་པོ་རྒྱག་དགོས་པ་ནི་གཡས་པ་ལ་སྤྱན་
    དང་གཡོན་པ་ལ་མིག་བྱས་ན་འགྲིག་གི་ཨ་ཡོད་ཧཧཧ