རྒྱ་བལ་འབྲུག་གསུམ་ནང་བོད་མི་ཁྲི་ ༧ ལྷག་ཙམ་ལས་མི་འདུག་ཟེར།

ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཉམ་ཐག་ཁོངས་ཀྱི་བོད་མི་ཚོ་ཉམ་ཐག་ནས་སྔར་ལས་ཉམ་ཐག་ཏུ་འགྱུར་གྱི་ཡོད་པ་མ་ཟད་ཉམ་ཐག་ལག་འཁྱེར་ཡོད་མཁན་ཚོས་ཧ་ལམ་འབུམ་རམས་པའི་ལག་འཁྱེར་ཡོད་པ་ལྟ་བུ་བྱེད་པ་དེ་འགྲིག་གི་མེད་སྐོར་གསུངས་སོང་།དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་ཉིན་རྒྱབ་ཀྱི་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་ཅིག་ནས་ཐུགས་ཚོར་ཆེན་པོའི་ཐོག་ནས་ཉེ་སྔོན་སིམ་ལ་བོད་མིའི་གཞིས་ཆགས་སུ་རང་ལོ་ ༡༠ ཡིན་པའི་བུ་མོ་ཞིག་ལ་བཙན་གཡེམ་གྱི་གནས་ཚུལ་ཞིག་བྱུང་བའི་ཐད་དོགས་འདྲི་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དགའ་སྤོབས་ཀྱི་ཐོག་ནས་ཉམ་ཐག་རོགས་སྐྱོར་ཁོངས་སུ་འཛུལ་མཁན་ཇེ་མང་དུ་འགྲོ་བཞིན་པ་དེར་སྟངས་འཛིན་གནང་ཕྱོགས། ས་ཁང་སྒྲིག་གཞི་ཇི་བཞིན་ལག་བསྟར་ཡོང་གི་ཡོད་མེད་སོགས་ཀྱི་ཐད་ལ་དོགས་འདྲི་གསལ་བཤད་གནང་སོང་།

དེ་ཡང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས། ཉེ་ཆར་སིམ་ལ་བོད་མིའི་གཞིས་ཆགས་ནང་སྐྱེས་པ་རང་ལོ་ ༣༥ ཅན་ཞིག་གིས། བུ་མོ་ལོ་ན་ ༡༠ ཅན་ཞིག་ལ་བཙན་གཡེམ་བཏང་པའི་གནས་ཚུལ་ཞིག་བྱུང་བའི་ཐད་བློ་འཚབ་ཡོད་པ་མ་ཟད། ནང་སྲིད་ནས་གནད་དོན་དེར་ཐག་གཅོད་ཇི་གནང་བཀའ་འདྲི་ཞུས་པར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། གནས་ཚུལ་དེ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ཏྲི་བྷུན་ (The Tribune) ཞེས་པའི་ཚགས་པར་ནང་ཐོན་ཡོད་པ་ལས། ས་གནས་ནས་ནང་སྲིད་ལ་སྙན་གསེང་ཞུས་པ་ཞིག་མིན་པ་དང་། དེ་དུས་ནང་སྲིད་ནས་ཐད་ཀར་ས་གནས་མགོ་འཛིན་ལ་ཁ་པར་བཏང་ཏེ་གནས་ཚུལ་དེའི་རིགས་དེ་བཀའ་ཤག་གི་སྲིད་བྱུས་གཞིར་བཟུང་ནང་འགྲིག་བྱ་རྒྱུ་ཞིག་གཏན་ནས་མིན་པར། རྒྱ་གར་གྱི་ཡུལ་ཁྲིམས་ལ་རྩིས་སྤྲོད་དགོས་སྐོར་ལམ་སྟོན་གནང་ཡོད་པ་དང་། བུ་མོ་དེའི་ཨ་མས་སྒེར་ཐོག་ནས་གསར་འགོད་ལྷན་ཚོགས་ལྟ་བུ་ཞིག་ཚོགས་ཏེ་ཉེན་རྟོག་པར་ཞུ་གཏུག་བྱས་ཡོད་པ་དང་། ཉེན་རྟོག་པས་ཀྱང་འཕྲལ་དུ་སྐྱེས་པ་དེ་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་བཙོན་ཁང་ནང་ཡོད་མུས་ཡིན་སྟབས། ཁྲིམས་ཐོག་རང་ནས་ཐག་གཅོད་བྱ་རྒྱུ་ལས་ནང་སྲིད་ཀྱིས་དེར་བྱ་རྒྱུ་གང་ཡང་ལྷག་མེད་སྐོར་གསུངས་སོང་བ་དང་། དེ་འབྲེལ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བཙན་གཡེམ་གྱི་གནས་ཚུལ་དེ་བྱུང་བའི་སྐབས་ཐོག་དེར་འབྲེལ་ཡོད་ས་གནས་མགོ་འཛིན་ནས་ནང་སྲིད་ལ་སྙན་གསེང་མ་ཞུས་པ་དེ་འཐུས་ཤོར་སོང་བ་ཞིག་ལ་ངོས་འཛིན་གནང་རྒྱུ་ཡིན་སྐོར་དང་། བཀའ་བློན་མཆོག་ནས་དེ་འབྲེལ་གྱི་གནས་ཚུལ་ཆ་ཚང་བ་ཞིག་གྲོས་ཚོགས་ནང་འགྲེལ་བརྗོད་དགོས་སྐོར་གསུངས་སོང་བ་དང་། ནང་སྲིད་བཀའ་བློན་མཆོག་ནས་གནད་དོན་དེའི་ཐད་ས་གནས་མགོ་འཛིན་གྱིས་འཐུས་ཤོར་བཏང་བ་ཞིག་ལ་ངོས་འཛིན་བྱ་མི་ཆོག་ཅེས་བརྗོད་ཐབས་མེད་པ་དང་། བཙན་གཡེམ་གཏོང་མཁན་དེའི་མིང་དང་གཏོང་དུས་སོགས་ཞིབ་ཕྲ་དགོས་ཚེ་འབྲེལ་ཡོད་ས་གནས་ལ་བཀའ་འདྲི་ཞུས་ཏེ་སྙན་གསེང་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།གནས་ཚུལ་འདིའི་ཐད་འདི་གའི་གསར་འགོད་པས་སིམ་ལ་སྤྱི་ཁྱབ་དང་ས་གནས་མགོ་འཛིན་གཅིག་ལྕོགས་བསྟན་འཛིན་ནོར་བུ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་གནས་ཚུལ་དེ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ལ་བྱུང་ཡོད་པ་དང་། འཕྲལ་དུ་བུ་མོའི་ཨ་མས་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ་དགོང་མོ་དེ་རང་ལ་སྐྱེས་པ་དེ་ཁྲིད་ཕྱིན་ཡོད་པ་དང་། ཉེན་རྟོག་ཁང་དུ་ཨ་མས་གསར་འགོད་པ་རྣམས་ལ་གནས་ཚུལ་ཞུས་པའི་རྐྱེན་གྱིས་ཕྱི་ཚེས་ ༢༦ དང་ ༢༧ ཉིན་ཏྲི་བྷུན་དང་། ས་གནས་ཀྱི་ཧིན་ཡིག་ཚགས་ཤོག་སྟེང་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་སྐྱེས་པ་དེའི་ཨ་མ་ས་མགོ་ལས་ཁུངས་ལ་བཅར་ཏེ་གནས་ཚུལ་ཞུས་པ་དང་སྦྲགས། བུ་བཙོན་ཁང་ནས་ཀློད་གྲོལ་ཡོང་ཐབས་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་།  དེའི་བར་དུ་ས་གནས་མགོ་འཛིན་ལ་གནས་ཚུལ་དེའི་ཐད་ཤེས་རྟོགས་གང་ཡང་བྱུང་མེད་པ་དང་། ཕྱི་ཚེས་ ༡ ཉིན་ནང་སྲིད་ནས་འདྲི་རྩད་ཕེབས་པ་མ་ཟད། གནས་ཚུལ་དེའི་རིགས་ཡུལ་ཁྲིམས་རང་གིས་ཐག་གཅོད་བྱ་རྒྱུ་ལས་ས་མགོས་ཐེ་བྱུས་མི་བྱ་རྒྱུའི་ལམ་སྟོན་ཕེབས་པ་ལྟར། གནས་ཚུལ་རྣམས་སྙན་གསེང་ཞུས་ཏེ། ཕྱི་ཚེས་ ༢ དང་ ༤ ཉིན་བུ་མོ་དང་སྐྱེས་པ་དེའི་ཕ་མ་རྣམས་ས་མགོ་ལས་ཁུངས་ལ་འབོད་འགུག་གིས་ཚོགས་འདུ་ཚོགས་ཏེ། མཐའ་མཇུག་དེར་རྒྱ་གར་གྱི་ཡུལ་ཁྲིམས་གཞིར་བཟུང་འགྲོ་དགོས་པའི་ལམ་སྟོན་བྱས་ཡོད་སྐོར་བརྗོད་བྱུང་།

བུ་མོའི་ཨ་མས་ས་གནས་མགོ་འཛིན་ལ་སྙན་གསེང་ཞུས་ཡོད་མེད་དྲིས་པར་ཁོང་གིས། བུ་མོའི་ཨ་མས་ང་ལ་ཝ་ཚི་ཨེབ་ (Whatsapp) བརྒྱུད་ཞུས་འདུག་ཀྱང་། ང་ལ་ Whatsapp ཨང་གྲངས་གཉིས་ཡོད་པའི་རྐྱེན་གྱིས་སྐབས་ཐོག་དེར་མཐོང་མ་སོང་། མ་གཞི་ནས་ Whatsapp བརྒྱུད་སྙན་གསེང་ཞུས་པ་དེ་གཞུང་འབྲེལ་ཆགས་ཀྱི་མེད་པ་དང་། གཉིས་ནས་ལས་ཁུངས་དེ་ཉེ་འཁྲིས་རང་ལ་ཡོད་པས་ཐད་ཀར་ལས་ཁུངས་ལ་བཅར་ན་ཆོག་གི་ཡོད་པ་དང་། ད་ལན་གྱི་གནས་ཚུལ་དེར་ས་གནས་མགོ་འཛིན་ནས་ཤེས་རྟོགས་མ་ཐུབ་པ་དེ་འཐུས་ཤོར་ཞིག་ལ་ངོས་འཛིན་གནང་ན་མི་ཆོག་པ་མེད། ཅེས་དང་། ཁྲིམས་ཐོག་ནས་སྐྱེས་པ་དེ་བཙན་གཡེམ་གྱི་ཉེས་མིང་རང་མིན་པར། བཙན་གཡེམ་བྱེད་ཐབས་(Attempt to rape) ཀྱི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་སྐོར་བརྗོད་བྱུང་།གཞན་ཡང་། དེ་རིང་ཉིན་རྒྱབ་ཀྱི་ལས་རིམ་ཐོག སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྤྱིར་ནང་སྲིད་ཀྱི་ལས་བསྡོམས་ནང་བོད་མིའི་མི་འབོར་ཞིབ་བཤེར་གནང་མུས་ཡིན་སྐོར་གསལ་བཤད་གནང་ཡོད་ཀྱང་། ལྔ་དང་ལྔ་བཅུའི་ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟ་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་མི་འབོར་དང་ཕྱིའི་རྒྱལ་ཁབ་ཁག་གི་བོད་མིའི་མི་འབོར་དེ་ལྔ་བཅུ་ལྔ་བཅུ་ཆགས་ཡོད་སྐོར་གསུངས་པ་དེ་གང་ལ་གཞིར་བཞག་ཡོད་མེད་དྲིས་པར་ནང་སྲིད་བཀའ་བློན་མཆོག་གིས། འདས་པའི་ལོ་གཅིག་ལྷག་རིང་ནང་སྲིད་ལས་ཁུངས་ཀྱི་མི་འབོར་ཞིབ་བཤེར་ལས་གཞི་ཆེད་ཁྱིམ་ཚང་རེ་རེར་སྐོར་བ་བརྒྱབས་ཏེ་ཧ་ཅང་ཞིབ་ཚགས་པོས་གྲངས་འབོར་བསྡུས་པའི་ཐོ་གཞུང་གཞིར་བཟུང་། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཁྲི་ ༧ ལྷག་ཙམ་ལས་མེད་པ་དང་། དེའི་ཐོག་བརྒྱ་ཆ་ ༥ དང་ ༡༠ ཞིག་སྤར་གཅོག་བྱས་ནའང་ཁྲི་ ༨ ལས་ལྷག་པ་ཞིག་མེད་པ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།

ཡང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་སྡོད་ཁང་དང་ཚོང་ཁང་མེ་སྐྱོན་ཤོར་བའི་གནས་ཚུལ་མང་པོ་ཐོན་བཞིན་པ་དེ་ཚོའི་དཀའ་ངལ་སེལ་ཆེད་ནང་སྲིད་ནས་དགོངས་བཞེས་ག་རེ་གནང་གི་ཡོད་མེད་དང་། དེ་བཞིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ནང་སྲིད་ནས་བོད་མི་སུད་ཚོང་བ་རྣམས་ལ་ཉེན་སྲུང་དེབ་སྐྱེལ་ (Insurance) བཟོ་ཐབས་དང་། ཚོང་ཟོག་དབོར་འདྲེན་པའི་ལྷན་དུ་དམ་ཡིག་འཇོག་རྒྱུ་སོགས་ཀྱི་ཐད་ལ་ཟབ་སྦྱོང་ལྟ་བུ་སྤྲོད་ཐུབ་ན་དགེ་མཚན་ཡོད་སྐོར་གྱི་དགོངས་ཚུལ་གསུངས་པར་ནང་སྲིད་བཀའ་བློན་མཆོག་གིས། ད་བར་བོད་མི་སུད་ཚོང་བའི་ཁྲོད། གཞུང་གི་ཁྲལ་མི་ཕོག་པའི་ཆེད་དུ་སྒོར་འབུམ་གཅིག་གི་བྱུང་འཛིན་དེ་ཁྲི་བདུན་ལ་མར་གཅོག་པ་དང་། དེ་བཞིན་ཚོང་ཟོག་ལ་ཉེན་སྲུང་དེབ་སྐྱེལ་དང་ཚོང་ཟོག་དབོར་འདྲེན་པའི་བར་ལ་ཆོད་ཡིག་བཞག་མེད་པ་སོགས་མདོར་ན་ཁྲིམས་དོན་གྱི་ཚོང་ལས་གཉེར་མཁན་ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད་པ་དང་། དེང་སྐབས་སྒྲིག་ལམ་སོགས་གང་ཅིའི་ཐད་ནས་འགྱུར་བ་ཆེན་པོ་ཐེབས་ཡོད་པས་གང་མགྱོགས་ཁྲིམས་མཐུན་བཟོ་དགོས་པ་ལས། མ་འོངས་པར་ཁྲིམས་མཐུན་མ་ཡིན་པ་རྣམས་ལ་དཀའ་ངལ་འཕྲད་ཚེ་མུ་མཐུད་རོགས་རམ་བྱས་ཐུབ་དང་མ་ཐུབ་ཐེ་ཚོམ་ཡིན་སྐོར་དང་། སྤྱི་འཐུས་རྣམ་པའི་དགོངས་འཆར་བཞིན་མ་འོངས་པར་སུད་ཚོང་བ་རྣམས་ལ་ཉེན་སྲུང་དེབ་སྐྱེལ་སོགས་ཀྱི་ཐད་ལ་ཟབ་སྦྱོང་སྤྲོད་རྒྱུའི་དགོངས་བཞེས་གནང་རྒྱུ་ཡིན་སྐོར་གསུངས་སོང་།སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་ཉམ་ཐག་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། བོད་མིའི་གཞིས་ཆགས་ཁག་ཏུ་ཉམ་ཐག་གི་ཐོ་གཞུང་ནང་ཡོད་མཁན་འགའ་ཤས་ཀྱིས་ཧ་ལམ་རང་ཉིད་དཔའ་བོ་ཡིན་པའི་འདུ་ཤེས་འཛིན་མཁན་ཡང་འདུག་པས། རོགས་སྐྱོར་གནང་མཁན་དང་བཞེས་མཁན་གཉིས་ཀས་དེའི་ཐད་དགོངས་བཞེས་གནང་དགོས་སྐོར་དང་། ཡང་སྤྱི་འཐུས་པདྨ་བདེ་ལེགས་ལགས་ཀྱིས། ཉམ་ཐག་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ཉམ་ཐག་ཁོངས་སུ་ཚུད་ན་རང་ཤུགས་ཀྱིས་ཕྲུ་གུའི་སློབ་ཡོན་སོགས་ཀྱི་ཐད་ནས་ཁེ་ཕན་ཡོད་པའི་རྐྱེན་གྱིས། གཞིས་ཆགས་ཁག་ནང་ཉམ་ཐག་ནང་འཛུལ་བར་དགའ་སྤོབས་བྱེད་མཁན་ཡོང་གི་ཡོད་པ་དང་། དེ་རིགས་འགོག་ཐབས་ཆེད་ནང་སྲིད་ནས་ཉམ་ཐག་གི་ཆ་རྐྱེན་ཐད་ལ་བསྐྱར་ཞིབ་དགོས་མིན་གཟིགས་དགོས་སྐོར་གྱི་དགོངས་ཚུལ་གསུངས་སོང་།

དེའི་ཐད་ནང་སྲིད་བཀའ་བློན་མཆོག་གིས། སྤྱི་ཚོགས་ནང་ཉམ་ཐག་ལག་འཁྱེར་ཡོད་མཁན་ཚོས་ཧ་ལམ་འབུམ་རམས་པའི་ལག་འཁྱེར་ཡོད་པ་ལྟ་བུ་བྱེད་བཞིན་པ་དེ་འགྲིག་གི་མེད་པ་དང་། ཉམ་ཐག་དངོས་ཡོད་དེ་ཚོར་སྒོར་ཆིག་སྟོང་ཉིས་སྟོང་ལྟ་བུས་ཕན་གྱི་མེད་སྟབས། ཁོ་ཚོར་ཁ་ཚ་དགོས་གཏུག་གི་ཆ་རྐྱེན་དེ་འདྲ་སྤྲོད་དུས་ཉམ་ཐག་གི་གནས་ལས་གྲོལ་རྒྱུའི་ཚབ་ཏུ་སྔར་ལས་ཉམ་ཐག་ཏུ་འགྱུར་གྱི་ཡོད་སྟབས། ནང་སྲིད་ཙམ་མ་ཟད་སྤྱི་འཐུས་རྣམ་པ་ས་གནས་ལ་སྐྱོད་སྐབས་མང་ཚོགས་ལ་ལམ་སྟོན་གནང་ན་དགེ་མཚན་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༣

Leave a Reply

4 thoughts on “རྒྱ་བལ་འབྲུག་གསུམ་ནང་བོད་མི་ཁྲི་ ༧ ལྷག་ཙམ་ལས་མི་འདུག་ཟེར།

  1. བོད་མི་ཁྲི་ ༧ ལྷག་ཙམ་ཡོད་ཟེར་པ་དེ་ཡང་སྐྱག་རྫུན་རེད།་་་དོན་དངོས་སུ་བོད་མི་ཁྲི་་༢་་་་༣་ཞིག་ལོང་གི་མེད་པ་གོ་བྱུང་།་
    བློ་སེང་སྲིད་སྐྱོང་ལ་སླེབས་པའི་རྗེས་ལ་གསར་འབྱོར་མང་ཆེ་པ་བོད་ལ་ལོག་ཚར་ཡོད་པ་དང་།་་གཞིས་ཆགས་གཞོན་སྐྱེས་མང་ཆེ་པ་ཡོ་རོབ་དང་ཨ་རི་སོགས་ལ་ཕྱིན་ནས་ཤུལ་ཏུ་རྒན་རྒོན་དང་ཕྲུ་གུ་མ་གཏོགས་ལྷག་ཡོད་མ་རེད།

  2. མི་གཅིག་གིས་ཕར་ལ་ཁ་ལྟ་ནས་བཤད་དུས་ལས་སླ་པོ་རེད། སོ་སོའི་སྒང་ལ་འགན་འཁྱི་སླེབས་དུས་ཧ་གོ། མི་གཞན་ལ་འཛུམ་མོ་བསྟོན་དུས་འཛུབ་མོ་གསུམ་རང་ལ་བསྟོན་གྱི་ཡོད་པ་ལྟར་མི་གཞན་ལ་ཁ་གཏང་མཁན་ཚོ་དང་པོ་སོ་སོས་ག་རེ་བྱས་ཀྱི་འདུག ག་རེ་ཇོན་གྱི་འདུག ག་རེ་བྱས་ཐུབ་ས་རེད་བསམ་བློ་གཏང་ནས་བཤད་དགོས། མི་གཞན་ལ་ཁ་ནས་བཤད་བསྡད་པ་ལས་ཉམ་ཐགས་ཀྱི་དཀའ་ངལ་དེ་གསར་པ་མ་རེད། དེ་ལས་ཐར་ཐབས་ག་རེ་འདུག་ལམ་སྟོན་གནང་དང་ཨ་ནི་ཧ་གོ། མི་གཞན་ལ་ཁ་བཏང་ནས་མ་བཞུགས་རོགས།

  3. གཞུང་པ་ཚེ་དབང་བསོད་ནམས་

    བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་ནང་ཉམས་ཐག་ཚོ་ལ་དངུལ་ཕོགས་
    གནང་རྒྱུ་དེ་ནི་ཉམས་ཐག་ཉུང་དུ་གཏོང་རྒྱུའི་ཚབ་ཏུ་ཉམས་ཐག་མང་དུ་
    གཏོང་བའི་ལས་འཆར་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་གང་ན་
    ཡོད་ལ་ལས་བྱེད་ཚོ་ཟླ་བ་རྫོགས་པ་དང་ཟླ་ཕོགས་ལེན་རྒྱུ་ཡོད་པ་དང་ཉམས་
    ཐག་ཚོ་ཟླ་བ་རྫོགས་པ་དང་ཉམས་ཐག་གི་དངུལ་ཕོགས་ལེན་རྒྱུ་ཡོད་པ་ནས་ལས་
    བྱེད་དང་ཉམས་ཐག་གཉིས་དོན་གཅིག་མིང་གི་རྣམས་གྲངས་ལས་མ་འདས་
    པ་ནས་ཉམས་ཐག་ལ་དངུལ་ཕོགས་སྤྲོད་རྒྱུའི་ཚབ་ཏུ་ཉམས་ཐག་ཡར་ལངས་
    ཐུབ་པའི་འགན་དཀྲིའི་ལས་འཆར་བཟོ་དགོས་པ་དེ་ཉམས་ཐག་ཡར་ལངས་ཐུབ་
    པའི་ཐབས་ལམ་བཟང་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

  4. གནམ་ལྕགས་ཐོག་མདའ།

    བོད་པའི་གཞིས་ཆགས་ཁག་ཏུ་ཡོད་པའི་ཉམ་ཐག་ཅེས་པའི་ཁྱིམ་ཚང་དེ་ཚོ་མུ་མཐུད་དུ་དགོས་ངེས་ཤིག་ཡིན་ན་བཤད་ཡ་མེད། ཉམ་ཐག་ཅེས་པའི་ཁྱིམ་ཚང་དེ་ཚོ་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་ལ་དངུལ་སློང་བྱེད་ཀྱི་ལག་འཁྱེར་ཚབ་ཏུ་སྟོན་གྱི་ཡོད་ན་བཤད་ཡ་མེད། དེ་མིན་ད་ལོ་ཉམ་ཐག་ཁྱིམ་ཚང་བརྒྱ་ཐམ་པ་ཡོད་པ་དེ་སང་ལོ་ཉམ་ཐག་ཁྱི་ཚང་ལྔ་བཅུ་ཐམ་པ་ལ་གཏང་དགོས་པ་ཞིག་ཡིན་ན། ལྔ་བཅུ་ཐམ་པ་བོ་དེ་ཡང་དེའི་རྗེས་ཀྱི་ལོའི་ནང་ལ་གཅིག་ཀྱང་མེད་པར་བཟོ་དགོས་པ་ཞིག་ཡིན་ན། ལོ་རེར་སྒོར་སྟོང་ཕྲག་ཁ་ཤས་སྤྲད་པས་ཕན་ཅི་ཡང་ཐོགས་ཀྱི་མ་རེད། དེས་ལྷག་ཏུ་ཉམ་ཐག་མ་ཡིན་པ་རྣམས་ཉམ་ཐག་བཟོ་སྤྱད་རེད། དེ་བས་ཉམ་ཐག་རྩ་མེད་བཟོ་དགོས་ན། ཉམ་ཐག་ལ་ལག་ཤེས་(ལག་རྩལ)བསླབ་དགོས་རེད། སོ་སོ་སོ་སོ་རྐང་པའི་སྒང་ལ་ལང་གི་འཇུག་དགོས་རེད། འདི་ནི་ཉམ་ཐག་རྩ་མེད་བཟོ་སྤྱད་ཀྱི་གདམ་ངག་ཡིན།