ཤིན་ཅང་གི་འགྲེལ་བཤད་གསར་པ།

ཉེ་སྔོན་ཡུ་ཊུབ་ཀྱི་འཇིགས་སྣང་ལ་དམག་འཐབ་ཅེས་པའི་ནང་ཤིན་ཅང་གི་འགྲེལ་བཤད་གསར་པ་ཞེས་པའི་མི་མང་པོར་བཙན་དབང་མནར་གཅོད་གཏོང་བཞིན་པའི་བརྙན་ཞིག་ཐོན་པ་དེར་ཞིབ་འཇུག་བྱེད་ཀྱི་འདུགགྷར་ཌིན་ (The Guardian) དང་ཨིན་ཌི་པེན་ཌེན་ (Independent) སོགས་རྒྱལ་སྤྱི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༧ཉིན་ཡུ་ཊུབ་ (Youtube) ཀྱི་འཇིགས་སྣང་ལ་དམག་འཐབ་(War on Fear)ཅེས་པའི་བརྒྱུད་ལམ་སྟེང་། ཁ་བྱང་ལ་ཤིན་ཅང་། འགྲེལ་བཤད་གསར་པ་ཞེས་པའི་བརྙན་ཐུང་སྐར་མ་ ༡།༤༥ ཅན་ཞིག་སྤེལ་བའི་ནང་། མེ་འཁོར་འབབ་ཚུགས་ཤིག་ཏུ་ཉེན་རྟོག་རུ་ཁག་ཅིག་གིས་སྟོད་གོས་སྔོན་པོ་དང་སེར་པོ་གྱོན་ཞིང་། མིག་ལ་རས་ནག་པོ་གཡོགས་པ་དང་། རྐང་ལག་ལ་ལྕགས་སྒྲོག་བརྒྱབས་པ། དེ་བཞིན་སྐྲ་བཞར་བའི་མི་བརྒྱ་ལས་མང་བ་ཞིག་དབོར་འདྲེན་བྱེད་བཞིན་པའི་ཡུལ་དངོས་ཀྱི་བརྙན་ཐུང་ཐོན་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་བའི་བཙོན་པ་རྣམས་དབོར་འདྲེན་བྱེད་བཞིན་པའི་གནས་ཚུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཨོ་གླིང་གི་དམག་ཐབས་སྲིད་བྱུས་སློབ་གླིང་གི་རྒྱལ་སྤྱིའི་དྲ་རྒྱའི་སྲིད་བྱུས་ཚན་པའི་ཞིབ་འཇུག་པ་ནཱ་ཐན་རུ་སར་ (Nathan Ruser) ཟེར་བ་ཞིག་གིས་བརྙན་ཐུག་ནང་གི་ཉི་མའི་ཁ་ཕྱོགས་དང་། ས་རྟགས་སོགས་ལ་བརྟག་དཔྱད་བྱས་རྗེས་བརྙན་དེ་དངོས་འབྲེལ་ཡིན་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་ལྷོ་ཤར་ཤིན་ཅང་ཁུལ་གྱི་ཀོར་ལ་ (Korla) གྲོང་ཁྱེར་གྱི་ནུབ་བརྒྱུད་མེ་འཁོར་འབབ་ཚུགས་ཤིག་ནས་བླངས་པ་ཞིག་ཡིན་པ་དང་། ཕལ་ཆེར་བཙོན་པ་རྣམས་ཤིན་ཅང་གི་ཀ་ཤི་གྷར་གྲོང་ཁྱེར་ནས་ཀོར་ལ་གྲོང་ཁྱེར་གྱི་བཙོན་ཁང་ལ་དབོར་འདྲེན་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱས་ཡོད་འདུག ཡང་ཡུ་རོབ་ཀྱི་གནད་ཡོད་མི་སྣ་ཞིག་གིས་སི་ཀའེ་ (Sky News) གསར་ཁང་ལ་བརྙན་ཐུང་དེ་དངོས་འབྲེལ་ཞིག་ཡིན་པ་མ་ཟད། འདི་ལོའི་ལོ་མགོ་ཙམ་ལ་བླངས་པ་ཞིག་ཡིན་སྐོར་བརྗོད་འདུག་པ་དང་། རྒྱལ་སྤྱིའི་ཉེ་ཡངས་ཚོགས་པས་བརྙན་ཐུང་དེར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་འདུགདབྱེ་ཞིབ་པ་དང་མི་མང་པོ་ཞིག་གིས་བརྙན་ཐུང་དེའི་ནང་གི་གནས་ཚུལ་ནི་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་ནས་ཤིན་ཅང་གི་ཡུ་གུར་གཙོ་བོར་གྱུར་བའི་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་ ༡ ལྷག་བཙོན་འཇུག་བྱས་དང་བྱེད་མུས་ཡིན་པའི་གནས་སྟངས་ཀྱི་ཟུར་དང་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། ཨོ་གླིང་གི་ཕྱི་འབྲེལ་བློན་ཆེན་མེ་རི་སི་པེ་ཎི་ (Marise Payne) ཡིས། དྲ་ལམ་དུ་སྤེལ་བའི་བརྙན་ཐུང་ཡ་ང་བ་དེ་མཐོང་བྱུང་། ངས་དེ་སྔོན་ཡིན་ན་ཡང་ཤིན་ཅང་ཁུལ་དུ་ཡུ་གུར་གཙོ་བོར་གྱུར་བའི་ཁ་ཆེ་བ་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་གནས་སྟངས་ཐད་ཨོ་གླིང་གིས་བློ་འཚབ་བྱེད་ཀྱི་ཡོད་པ་བཤད་ཡིན། ཅེས་བརྗོད་འདུག

ཡུ་ཊུབ་ནང་སྤེལ་བའི་བརྙན་ཐུང་དེའི་འགྲེལ་བརྗོད་ནང་། ང་ཚོའི་དམིགས་ཡུལ་ནི་འཇིགས་སྣང་ལ་རྒོལ་རྡུལ་གཏོང་རྒྱུ་དེ་རེད། དེང་སང་མི་རྣམས་གཞུང་གི་ཡར་ཐོན་ཆེ་བའི་འཕྲུལ་ཆས་ཀྱི་དོགས་ཟོན་ལྟ་རྟོག་འོག་གནས་དགོས་ཀྱི་ཡོད། ཁོ་ཚོའི་རང་དབང་བརླག་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་རྣམས་ཀྱིས་རང་ཉིད་རྒྱལ་ཞེན་པ་དང་མི་མང་ལ་དགའ་མོས་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཁོ་ཚོས་དམར་ཤོག་ཚོགས་པ་དང་དབང་ཆ་ཁོ་ནར་དགའ་མོས་བྱེད་ཀྱི་ཡོད། བརྙན་ཐུང་འདི་རྒྱ་ནག་ནང་བླངས་པ་ཞིག་ཡིན། འདི་ནི་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁུལ་ནང་ཡུན་རིང་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལ་དྲག་གནོན་བྱེད་པ་ཞིག་ཡིན། ཞེས་བཀོད་འདུག

རྒྱ་ནག་གཞུང་གིས་ལོ་ཤས་སྔོན་ནས་ཤིན་ཅང་ཡུ་གུར་མི་རིགས་རང་ལྗོངས་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་དང་རྩ་མེད་གཏོང་རྒྱུ་ཞེས་པའི་ལས་གཞིའི་མིང་ཐོག་ནས་ཁུལ་དེའི་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲང་བ་གྲངས་ལས་འདས་པར་ནག་ཉེས་དང་། གསལ་བཤད་གང་ཡང་མེད་པའི་ཐོག་ནས་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་འགྲོ་མིའི་ལྟ་ཞིབ་ཚོགས་པ་སོགས་ཀྱིས་སྙན་ཐོ་གཞིར་བཟུང་ད་བར་རྒྱ་ནག་གཞུང་གིས་ཁུལ་དེར་ཁྱོན་མི་གྲངས་ས་ཡ་ ༡ ལྷག་བཀག་སྐྱིལ་བྱས་ཡོད་པ་མ་ཟད། དེའི་ཆེད་དུ་གསང་བའི་བཀག་སྐྱིལ་ཁང་ཡང་འཛུགས་སྐྲུན་བྱས་ཡོད་སྐོར་བཀོད་དེ། རྒྱ་ནག་གཞུང་གིས་དམག་ཆེན་གཉིས་པའི་བཀག་སྐྱིལ་ཁང་གི་ལམ་སྲོལ་བསྐྱར་གསོ་བྱེད་བཞིན་ཡོད་སྐོར་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་བཀག་སྐྱིལ་ཁང་ཟེར་བ་ཞིག་གཏན་ནས་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མེད་ཀྱང་།ཤིན་ཅང་ནས་བྲོས་བྱོལ་དུ་སླེབས་པའི་མི་སྣ་མང་པོས་རང་གི་མྱོང་བ་རྣམས་རྒྱལ་སྤྱིའི་གསར་ལམ་དང་སྡིངས་ཆའི་ཐོག་བཤད་པ་དང་། ཨ་རི་དང་དབྱིན་ཡུལ་སོགས་ཀྱི་སྲིད་བློན་དང་གནད་ཡོད་མགོ་འཁྲིད་རྣམས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པའི་རྐྱེན་གྱིས། ཕྱིས་སུ་རྒྱ་ནག་གིས་བཀག་སྐྱིལ་ཁང་དུ་འབོད་པ་དེ་དག་ནི་རིག་རྩལ་སྦྱོང་ས་ཞིག་ཡིན་པ་དང་། དེར་ཡོད་རྣམས་རང་གི་འདོད་པ་བཞིན་ཕྱིར་ཐོན་ཆོག་གི་ཡོད་སྐོར་བཤད་ཡོད་ཀྱང་། དོན་དངོས་ཐོག་བཀག་སྐྱིལ་ཁང་དུ་བཙོན་པ་རྣམས་ལ་རང་གི་ཆོས་ལུགས་ཀྱི་ལྟ་གྲུབ་དང་འགལ་བའི་བྱ་བ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། རྒྱ་ནག་ཆེས་མཐོའི་མགོ་འཁྲིད་རྣམས་དང་དམར་ཤོག་ཚོགས་པའི་ལྟ་གྲུབ་ཁག་ལ་བཙན་གྱིས་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པའི་ཡུལ་དངོས་ཀྱི་བརྙན་དང་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༤

Leave a Reply