སྙིང་རྗེ་ཡི་ས་བོན་ཞེས་པའི་རི་མོའི་ཕྱག་དེབ་ཅིག་པར་འགྲེམས་གནང་འཆར་འདུག

ཀོ་ཀི་ལཱ་བྱིས་པའི་དཔེ་སྐྲུན་ཁང་གིས་༧གོང་ས་མཆོག་སྐུ་ན་ཕྲ་བའི་དུས་ཀྱི་ལོ་རྒྱུས་གཞིར་བཟུང་སྙིང་རྗེ་ཡི་ས་བོན་ཞེས་པའི་རི་མོའི་ཕྱག་དེབ་ཅིག་པར་འགྲེམས་གནང་རྒྱུ་ཡིན་འདུག

དེ་རིང་ཀོ་ཀི་ལཱ་བྱིས་པའི་དཔེ་སྐྲུན་ཁང་(Kokila) གི་ཊུ་ཝེ་ཊར་ནང་སྤེལ་བའི་གནས་ཚུལ་ལྟར་ན། བྱིས་པའི་དཔེ་སྐྲུན་ཁང་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ན་ཕྲ་དུས་ཀྱི་སྒྲུང་དང་། ༧ཁོང་གིས་ནང་ཆོས་གསན་བསམ་མཛད་སྐབས་ཞི་བདེ་དང་བསམ་ཤེས། དེ་བཞིན་འཛམ་གླིང་སྔར་ལྷག་བྱམས་བརྩེ་དང་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་པའི་ཐབས་ལམ། དེ་བཞིན་༧གོང་ས་མཆོག་གི་གསུང་ཆོས་ཁག་ལ་གཞིར་བཞག་གིས་སྙིང་རྗེ་ཡི་ས་བོན་(The seed of Compassion)ཞེས་པའི་རི་མོའི་ཕྱག་དེབ་ཅིག་པར་སྐྲུན་གནང་འཆར་ཡོད་འདུག

དཔེ་སྐྲུན་ཁང་དེའི་འགན་འཛིན་གཞོན་པ་དང་ཕྱག་དེབ་པར་བསྐྲུན་གནང་མཁན་ལྕམ་ནམ་རཱ་ཐཱ་ (Namrata Tripathi) ལགས་ཀྱིས། ཕྱག་དེབ་འདི་ནི་༧གོང་ས་མཆོག་ནས་མི་རེ་རེའི་སྟེང་ན་འཛམ་གླིང་འདི་སྔར་ལྷག་བྱམས་བརྩེ་དང་ལྡན་པ་སྐྲུན་པའི་ནུས་པ་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་དེ་སྟོན་ཐབས་ཤིག་ཡིན་པ་དང་། དེ་ནི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་མིན་པར། འཛམ་གླིང་འདིའི་ཐོག་ཁ་ཡོད་ལག་ཡོད་ཅིག་ཡིན་པ་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༠༣ ལོར་ཕྱག་དེབ་པར་བསྐྲུན་མཁན་ལྕམ་ནམ་རཱ་ཐཱ་ལགས་ཀྱིས་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་འདུག་ལ། མཇལ་བཅར་དང་འབྲེལ་ནས་ཁོང་མོས། ༧གོང་ས་མཆོག་ལ་མཇལ་རྗེས་ངའི་མི་ཚེའི་ནང་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་པ་དང་། ང་གང་ཟག་སྒེར་བ་ཞིག་གིས་འཛམ་གླིང་འདིའི་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་སྲིད་པའི་ངེས་ཤེས་རྙེད་དུ་བཅུག་སོང་།  རྒྱུ་མཚན་ནི་༧ཁོང་གིས་ངས་དེ་ལྟར་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་འདུག ཅེས་བརྗོད་འདུག

ཡང་ཕྱག་དེབ་དེ་དང་འབྲེལ་ནས་ཁོང་མོས། མི་ཚང་མས་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པའི་དངོས་དོན་དང་༧གོང་ས་མཆོག་གི་གསུང་འཕྲིན་ནང་ཤུགས་ཆེན་གྱིས་གསུང་གི་ཡོད་པར་བརྟེན། ཀློག་པ་པོ་ཡོངས་ཀྱིས་གཅིག་མཚུངས་ཀྱི་ཚོར་བ་ཞིག་རྙེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། ༧གོང་ས་མཆོག་གི་ཐུགས་དགོངས་ཀྱིས་ཁོང་མོར་ཇི་ལྟར་བློ་སྟོབས་སྦྱིན་པ་བཞིན་ཕྱག་དེབ་དེའི་ཀློག་པ་པོ་ཡོངས་ལ་དེ་བཞིན་བློ་སྟོབས་འཕེལ་བའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ལྕམ་ནམ་རཱ་ཐཱ་ལགས་ཀྱིས་༧གོང་ས་མཆོག་ལ་ཐོག་མའི་མཇལ་བཅར་ཞུས་རྗེས། ཁོང་མོས་ཡིག་འཕྲིན་ཞིག་བརྒྱུད་བྱིས་པ་ཚོའི་ཆེད་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་རི་མོའི་ཕྱག་དེབ་ཤིག་པར་བསྐྲུན་དགོས་ངེས་སུ་མཐོང་གི་ཡོད་པའི་དགོངས་འཆར་ཕུལ་ཡོད་འདུག་ལ། ད་ལྟ་ཕྱག་དེབ་དེ་ཡོངས་སུ་གྲུབ་སྟེ། འཆར་ལོའི་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་དབུ་འབྱེད་གནང་འཆར་ཡོད་འདུག

ཕྱག་དེབ་དེའི་རི་མོ་འབྲི་མཁན་ནི་ཝེ་ཐི་ནམ་གྱི་རི་མོ་བ་གྲགས་ཅན་པའོ་ལུའུ་ (Bao Luu)ལགས་ཡིན་པ་དང་། ཁོང་ཆུང་དུས་ནས་རི་མོ་བ་གྲགས་ཅན་ཞིག་བྱེད་འདོད་ཀྱི་འདུན་པ་ཤུགས་ཆེན་ཡོད་སྟབས། འགྲུལ་རིས་དང་རི་མོ་མང་པོ་འབྲི་སྦྱོང་བྱས་ཡོད་པ་མ་ཟད། དཔེ་དེབ་ཀྱི་རི་མོར་ཆེད་དམིགས་ཀྱིས་སྦྱོང་བརྡར་བྱས་ཏེ་ད་ལྟ་ཨ་རིའི་ནང་རི་མོའི་ཐོག་ཆེད་ལས་པའི་སློབ་གཉེར་གནང་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༢༥

Leave a Reply