ཊིག་ཊོག་གིས་བོད་རང་བཙན་སྐོར་བཀག་སྡོམ་བྱེད་ཀྱི་འདུག

རྒྱ་ནག་གི་བྷའེ་ཊི་ཌན་སི་འཕྲུལ་རིག་བཟོ་ཚོང་ཁང་གིས་བོད་དང་ཐའེ་ཝན་གྱི་རང་བཙན་སོགས་ཁ་བྲལ་དང་ཆོས་ལུགས་གྱི་རྙོག་ཟིང་། གྲངས་ཉུང་མི་རིགས་བར་གྱི་རྙོག་ཟིང་། མི་རིགས་དཀར་ནག་གི་རྙོག་ཟིང་ཞེས་པ་སོགས་ཆེས་ཚོར་བ་སྐྱེན་པའི་གནས་ཚུལ་ནང་བཅུག་ཡོད་འདུགཁ་སང་གྷར་ཌིན་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་བྷའེ་ཊི་ཌན་སི་ (Byte Dance) འཕྲུལ་རིག་བཟོ་ཚོང་ཁང་གིས་བཟོ་བསྐྲུན་བྱས་པའི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་ (TikTok) ནང་བོད་རང་བཙན་དང་། གནམ་བདེ་སྒོ་མོ་ཆེ། དེ་བཞིན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ (Falun Gong) པའི་སྐོར་གྱི་གནས་ཚུལ་རིགས་བཀག་སྡོམ་བྱེད་ཀྱི་ཡོད་པའི་གསང་བའི་ཡིག་ཆ་ཞིག་ཕྱིར་གྱར་ཡོད་འདུག

གསར་ཁང་དེས་ཤེས་རྟོགས་བྱུང་བ་ལྟར་ན། པེ་ཅིན་དུ་རྟེན་གཞི་བྱས་ཡོད་པའི་བྷའེ་ཊི་ཌན་སི་འཕྲུལ་རིག་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ལ་བསྟུན་མཁས་ཀྱིས། ཊིག་ཊོག་ནང་གི་གནས་ཚུལ་འགོད་སྤེལ་བྱེད་ཐབས་ཀྱི་ལམ་སྟོན་ཡིག་ཆ་གཞིར་བཟུང་། གནས་ཚུལ་རིགས་གཅིག་སྒྲིག་འགལ་དུ་ངོས་འཛིན་གྱིས་ཊིག་ཊོག་ནས་ནག་གསུབ་གཏོང་གི་ཡོད་པ་མ་ཟད། སྤེལ་མཁན་མི་དེ་ཡང་གཏན་འགོག་བྱེད་ཀྱི་ཡོད་འདུག ཡང་ཉེན་ཚབས་ཆུང་བའི་གནས་ཚུལ་རིགས་གཅིག་སྤེལ་མཁན་ཁོ་ནས་མ་གཏོགས་གཞན་གྱིས་བལྟ་མི་ཐུབ་པར་བཟོ་ཡི་ཡོད་པ་བཅས་བཀག་སྡོམ་གྱི་ཐབས་བྱུས་གཉིས་བཏོན་ཡོད་པ་དང་། ཐབས་བྱུས་གཉིས་པ་དེར་མཚོན་ན་གནས་ཚུལ་སྤེལ་མཁན་དེས་རང་ཉིད་ཀྱི་གནས་ཚུལ་བཀག་སྡོམ་བྱས་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད་འདུག

གཞན་ཡང་ཊིག་ཊོག་གི་གནས་ཚུལ་འགོད་སྤེལ་གྱི་སྲིད་བྱུས་ནང་། བོད་དང་ཐའེ་ཝན་གྱི་རང་བཙན་སོགས་ཁ་བྲལ་དང་ཆོས་ལུགས་གྱི་རྙོག་ཟིང་། གྲངས་ཉུང་མི་རིགས་བར་གྱི་རྙོག་ཟིང་། མི་རིགས་དཀར་ནག་གི་རྙོག་ཟིང་ཞེས་པ་སོགས་ཆེས་ཚོར་བ་སྐྱེན་པའི་གནས་ཚུལ་ནང་བཅུག་ཡོད་པ་དང་། དེ་བཞིན་“ཞེ་འཁོན་གྱི་ཚིག་དང་ཆོས་ལུགས་”ཞེས་པའི་སྡེ་ཚན་ནང་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་འགོད་སྟངས་བཅུག་ཡོད་པ་དང་། “རྒྱལ་ཁབ་རང་གཞན་གྱི་ལོ་རྒྱུས་ཀྱི་རྣམ་པ་ངན་བསྒྱུར་དང་འགྲེལ་ལོག་བྱེད་པ་” ཞེས་པའི་སྡེ་ཚན་འོག ༡༩༩༨ ལོའི་ཕྱི་ཟླ་ ༥ པའི་ཟིང་འཁྲུག་དང་། ཀམ་བྷོ་ཅི་ཡའི་(Cambodia) མི་རིགས་སྡེབས་གསོད་ཀྱི་གནད་དོན། དེ་བཞིན་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་སོགས་བཅུག་ཡོད་འདུག

བྷའེ་ཊི་ཌེན་སི་འཕྲུལ་རིག་བཟོ་ཚོང་ཁང་གིས་ད་ལན་གྱི་གནས་ཚུལ་དང་འབྲེལ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གྷན་ཌིན་གསར་ཁང་ལ་ཐོབ་པའི་ཊིག་ཊོག་ནང་གནས་ཚུལ་འགོད་སྤེལ་བྱེད་ཕྱོགས་ཀྱི་ཡིག་ཆ་དེ་འདི་ལོའི་ཕྱི་ཟླ་ ༥ པ་ནས་ནུས་མེད་ཆགས་ཏེ་ད་ལྟ་རྩ་འཛིན་བྱེད་ཀྱི་མེད་པ་མ་ཟད། ད་ལྟའི་སྲིད་བྱུས་ནང་རྒྱལ་ཁབ་དང་གནད་དོན་དམིགས་བསལ་བའི་ཐད་གླེང་སློང་གང་ཡང་བྱས་མེད་སྐོར་བརྗོད་འདུག་པ་མ་ཟད། ཊིག་ཊོག་གིས་ཐོག་མའི་ཆར་རྙོག་གླེང་སོགས་མི་ཡོང་བའི་ཆེད་དུ་ཧོལ་རྒྱུགས་ཀྱིས་སྒྲིག་གཞི་དེ་དག་གཏན་འབེབ་བྱས་ཡོད་ཀྱང་། འདས་ལོ་ནས་བཟུང་མཉེན་ཆས་དེ་རིམ་པས་རྒྱལ་སྤྱིར་ཁྱབ་སྤེལ་བྱུང་བར་བརྟེན། ས་གནས་དང་རྒྱལ་ཁབ་སོ་སོར་བསྟུན་ནས་སྒྲིག་གཞི་གསར་པ་བཟོས་ཡོད་སྐོར་སོགས་གསལ་བཤད་བྱས་ཡོད་འདུག

ཊིག་ཊོག་ཅེས་པའི་མཉེན་ཆས་དེ་ཏོ་ཡིན་ (抖音, Douyin) ཞེས་པའི་མིང་ཐོག་ནས་ཐོག་མར་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་ནས་མགོ་འཛུགས་བྱས་ཏེ་རིང་པོར་མ་འགོར་བར་མཉེན་ཆས་དེ་བཀོལ་སྤྱོད་བྱེད་མཁན་ས་ཡ ༡༠༠ ལ་འཕར་ཏེ། ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་མིའུ་སི་ཁ་ལི་(Musical.ly) ཞེས་པའི་མཉེན་ཆས་ཆ་མཚུངས་དེ་ཉོས་ནས་ཊིག་ཊོག་དང་ཟླ་སྒྲིལ་བཏང་ཡོད་པ་མ་ཟད། འདི་ལོའི་ལོ་མགོ་ཙམ་ལ་ཊིག་ཊོག་ལ་རྒྱུན་ལྡན་གྱི་བཀོད་སྤྱོད་པ་ཐེར་འབུམ་ ༡ ཟིན་ཡོད་པ་མ་ཟད། དེའི་ཁྲོད་ཀྱི་བརྒྱ་ཆ་ ༤༠ ཙམ་རྒྱ་ནག་གི་ཕྱི་ལོགས་ནས་ཡིན་འདུག ཡིན་ན་ཡང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིའི་ཚོང་དོན་ལྷན་ཁང་(The Federal Trade Commission) གིས་ཊིག་ཊོག་གིས་ལོ་ཆུང་བྱིས་པ་རྣམས་ཀྱི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པའི་ནག་ཉེས་འོག་ཨ་སྒོར་ས་ཡ་ ༥།༦ གི་དངུལ་ཆད་ཕོག་ཡོད་པ་དང་། དེ་བཞིན་འདི་ལོར་རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་ཊིག་ཊོག་ནང་འཁྲིག་སྤྱོད་དང་འབྲེལ་བའི་གནས་ཚུལ་རིགས་བརྒྱུད་སྤེལ་བྱེད་བཞིན་པའི་ངོས་འཛིན་འོག་རྒྱ་གར་ནང་གི་མཉེན་མཛོད་ (Appstore) ནས་བླངས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༦

Leave a Reply

3 thoughts on “ཊིག་ཊོག་གིས་བོད་རང་བཙན་སྐོར་བཀག་སྡོམ་བྱེད་ཀྱི་འདུག

  1. འཇམ་དབྱུངས།

    རང་བཙན་རྨི་ལམ་ཙམ་རེད། རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་པ་དེ་ལས་གལ་ཆེ། བོད་རང་བཙན་ལ་རྒྱབ་སྐྱོར་བ་གོ་ཚོད་ཡོད་པ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས

    བོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་མཆོད་སེམས་ཡོད་ན་
    བོད་ཀྱི་རང་བཙན་སུ་གཅིག་གི་བཀག་ཐུབ་ཀྱི་མ་རེད་ལ་བོད་
    མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་མེད་ན་ཕྱི་ནས་རྒྱབ་སྐྱོར་ག་
    ཚོད་ཐོབ་ཀྱང་བོད་ཀྱི་རང་བཙན་ལ་ནུས་པ་ཐོན་མི་ཐུབ་པ་འདས་
    པའི་མི་ལོ་༦༠ མི་ཡུལ་དུ་ལྷག་པ་ནས་ངོ་འཕྲོད་ཐུབ་པ་མ་རེད་དམ།