བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༨ འཁོར།

རྒྱ་ནག་གཞུང་ནས་བོད་མི་ཚོར་བཙན་གནོན་ཅི་ཙམ་བྱས་པ་དེ་ཙམ་གྱིས་བོད་མིའི་ལྷག་བསམ་འགྱུར་མེད་དང་ཇེ་ཟབ་ཏུ་འགྲོ་བ་ལས་རྩ་བ་ནས་ཞུམ་གྱི་མེད།དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧ ཐོག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༨ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དེ་བཞིན་སྤྱི་འཐུས་ཁག་ཅིག་དང་དྷ་ས་ས་གནས་མགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་བཙོན་ཟུར་ཁག་ཅིག མི་མང་བཅས་འཛོམས་ཏེ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུས་སོང་།

མཛད་སྒོའི་སྐབས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། ཚོགས་པ་དེ་གནད་འགག་ཆགས་དགོས་པའི་རྒྱུ་མཚན་ནི་དེའི་རྒྱབ་ལྗོངས་ཆགས་ཡོད་པ་དང་། ལོ་ངོ་ ༢༨ གོང་དུ་བཙོན་ཟུར་ཁག་མང་པོ་ཞིག་གིས་ནང་ཁུལ་དུ་མ་དངུལ་བསྡུ་རུབ་གྱིས་གྲོ་ཕྱེ་ཉོས་ནས་བག་ལེབ་བཟོས་ཏེ། བཙོང་བ་སོགས་དཀའ་སྡུག་ཚད་མེད་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་བསམ་ནས་ཚོགས་པ་དེ་མགོ་འཛུགས་བྱས་ཡོད་པ་དང་། ད་ལྟ་ཚོགས་པའི་མཐུན་རྐྱེན་དང་སྒྲོམ་གཞི་གང་འཚམ་ཡར་རྒྱས་ཕྱིན་ཡོད་ལ།  དེ་སྔོན་གྱི་བཙོན་ཟུར་ཁག་དང་ད་ལྟའི་བཙོན་ཟུར་གྱི་ལྷག་བསམ་ལ་ཁྱད་པར་མེད་པ་དང་། གཞིས་ལུས་བོད་མི་དང་ལྷག་པར་དུ་བཙོན་ཟུར་མང་པོ་ཞིག་གིས་རེ་བ་ཆེན་པོ་བྱེད་སའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། མུ་མཐུད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་སྐུ་ལས་སྐྱོན་གྱི་ཡིན་པའི་དམ་བཅའ་རྩ་ཆེན་ཞིག་བཞག་ཡོད་པ་བཞིན་མུ་མཐུད་ཀྱི་ཡིན་སྐོར་གསུངས་སོང་།དེ་བཞིན་རྒྱ་ནག་གུང་ཁྲན་ཏང་བཙུགས་ནས་མི་ལོ་ ༧༠ འཁོར་ལ་ཉེ་བ་དང་བསྟུན་བོད་སྤྱི་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱལ་སྟོན་དུས་ཆེན་ཟེར་བ་གྲ་སྒྲིག་ཆེན་པོ་བྱེད་ཀྱི་ཡོད་པ་དང་འབྲེལ་ནས་ཁོང་མོས། རྒྱ་ནག་གཞུང་གིས་མི་ལོ་ ༧༠ རིང་བོད་ནང་གཏོར་བཤིག་བཏང་བ་དང་བོད་ཅེས་པའི་མིང་དང་མི་རིགས་རྩ་མེད་བཟོ་བའི་འབད་བརྩོན་བྱས་ཡོད་ནའང་། བོད་མི་ཚོས་ཕ་ས་དེ་ཤོར་བ་ཡིན་ནའང་ལྷག་བསམ་ལ་རྒྱུན་ཆད་མེད་པ་དང་། གལ་སྲིད་བརྡ་ལན་འདི་རྒྱ་ནག་གུང་ཁྲན་ཏང་ལ་འཕྲོད་ཀྱི་ཡོད་ཚེ། རྒྱ་ནག་གཞུང་ནས་བོད་མི་ཚོར་བཙན་གནོན་ཅི་ཙམ་བྱས་པ་དེ་ཙམ་གྱིས་བོད་མིའི་ལྷག་བསམ་འགྱུར་མེད་དང་ཇེ་ཟབ་དུ་འགྲོ་བ་ལས་རྩ་བ་ནས་ཞུམ་གྱི་མེད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཡང་བསྐྱར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས། དེ་བཞིན་གཞིས་བྱེས་མཉམ་འཛོམས་འབྱུང་རྒྱུ་ནི་རེ་བ་དང་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་སོང་།དེའི་རྗེས་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་ནས་ཚོགས་པའི་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། བོད་མིའི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་དེ་དག་ལ་རྒྱ་ནག་གཞུང་གིས་ཡང་དག་པའི་བརྡ་ལན་སྤྲོད་རྒྱུ་ལྟ་ཅི། དེ་ལས་ལྡོག་ཏེ་བོད་མི་རྣམས་ལ་དྲག་གནོན་བྱས་ཏེ་དུས་དེ་ནས་བཟུང་བོད་ཀྱི་ས་གནས་གང་སར་བོད་མི་འཇུ་བཟུང་དང་བཙོན་འཇུག་བྱེད་པའི་དུས་སྐབས་ཤིག་ལ་བསླེབས་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་གྲྭ་བཞི་བཙོན་ཁང་སོགས་མདོ་དབུས་ཁམས་གསུམ་གྱི་བཙོན་ཁང་ཁག་ནང་དུའང་བོད་མི་ཆབ་སྲིད་བཙོན་པ་བརྒྱ་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་ཅིང༌། ཁོ་ཚོའི་ལུས་སེམས་གཉིས་ཀར་བཟོད་གླག་བྲལ་བའི་མནར་གཅོད་དང་སྡུག་སྦྱོང་ཚད་མེད་བཏང་ཡོད་པ་དང༌། བཙོན་པ་མང་བོ་ཞིག་བཙོན་ཁང་ནང་འདས་གྲོངས་སོང་བ་དང་། འགའ་ཞིག་བཙོན་ཁང་ནས་གསོན་པོར་ཐར་ཡང་རིག་པ་མི་གསལ་བ་དང་དབང་པོ་ཐང་པོ་མེད་པ་སོགས་ནད་གཅོང་དུ་གྱུར་བ་ཡང་ཧ་ཅང་མང་པོ་ཡོད། ཅེས་དང་། བོད་མི་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་སྲེག་གི་ཞི་རྒོལ་འཐབ་རྩོད་བྱས་པ་ནས་བཟུང་། དེང་སྐབས་བོད་ནང་བོད་མི་སྟོང་ཕྲག་བརྒལ་བ་བཙོན་འཇུག་བྱས་ཡོད་པས། ང་ཚོས་དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ཁོང་རྣམས་ཀྱི་ནང་མི་གཉེན་འབྲེལ་ཡོངས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ། ད་ལྟ་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཉེས་མེད་མནར་གཅོད་དང་སྡུག་ངལ་མྱོང་བཞིན་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུ་ཞུ་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་འབྲེལ་གྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འབོད་ཞུ་བཞིན་ཡོད། ཅེས་བཀོད་འདུགསྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཆབ་སྲིད་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་བསམ་བློ་རྟིང་ཚུགས་པོ་ཞིག་བྱུང་བ་ཡིན་ན། དེའི་ཐོག་ལ་རང་བཞིན་གྱིས་སོ་སོའི་མི་རིགས་ཀྱི་འཐབ་རྩོད་དང་སོ་སོའི་ཆོས་དང་སྐད་ཡིག་གཅེས་སྤྲས་བྱེད་པའི་བློ་དེ་ངམ་ངམ་ཤུགས་ཀྱིས་བྱེད་པ་ཏན་ཏན་ཡོང་གི་ཡོད་པ་རེད། ང་ཚོར་དེ་སླེབ་ཐུབ་ཀྱི་མེད་སྟབས་གང་དུའང་མཚམས་རེར་འཐུས་ཤོར་གྱི་རྣམ་པ་ལྟ་བུ་ཞིག་ཏུ་མཐོང་བ་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་རེད། དེ་བས་མ་འོངས་པར་ང་ཚོའི་སྤྱི་ཚོགས་འདིའི་ཐོག་ནས་གོམ་པ་གསར་པ་ཞིག་སྤོ་ཐུབ་དགོས་པ་ཞིག་རེད་འདུག རྩ་བའི་༧གོང་ས་མཆོག་ནས་འདས་པའི་མི་ལོ་ ༦༠ ནང་སྐུ་ལས་དང་ལམ་སྟོན་མང་པོ་གནང་ཡོད་པ་རེད་དེ། སྤྱི་ཚོགས་ནང་གོམ་པ་མདུན་སྤོ་བྱེད་མ་ཐུབ་པའི་ཞན་ཆ་ཞིག་ལྷག་ཡོད་པ་རེད། རྒྱུ་མཚན་གང་ལ་ཐུག་ཡོད་མེད་ང་ཚོས་རྩད་གཅོད་དགོས་པ་དེའང་གལ་ཆེན་ཞིག་ཆགས་ཡོད་པ་རེད། ཅེས་དང་། ང་ཚོས་༧གོང་ས་མཆོག་ཕོ་བྲང་པོ་ཏ་ལ་དང་ནོར་གླིང་གི་གཟེམ་ཆུང་ལ་གདན་འདྲེན་ཞུ་པའི་དགོངས་པ་བཞེས་ཀྱི་ཡོད་ནའང་། སྡུག་ས་ནས་བསམ་བློ་བཏང་བ་ཡིན་ན་གཅིག་བྱས་ན་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་པའི་ཉེན་ཁ་མེད་པའང་མིན་པས། ཉེན་ཁ་དེ་ལས་སྐྱོབ་ཐབས་གང་ཡོད་པ་དང་། མུ་མཐུད་བོད་མི་རིགས་ཆིག་སྒྲིལ་གྱི་ཐོག་ནས་འཐབ་རྩོད་རྒྱུན་སྐྱོང་དང་བཙན་བྱོལ་ནང་རང་དབང་ཆེན་པོ་ཡོད་སྟབས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་གནང་ཐབས་དང་། བོད་ནང་གི་བོད་མི་ཚོའི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཙམ་མིན་པར་དངོས་ཡོད་གནས་ཚུལ་ཐོག་ཤེས་ཡོན་དང་འཕྲོད་བསྟེན། དེ་ལས་གཞན་པའི་ཐོག་ཕན་ཐོགས་དང་འབྲེལ་ལམ་འཛུགས་ཐུབ་ཐབས་ལ་དགོངས་པ་བཞེས་དགོས་པར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༢༧

Leave a Reply