བོད་ཀྱི་གྲོགས་པོ་ཞིག་སྐུ་གྲོངས་བར་ཐུགས་གསོ་མཛད།

ཧྥ་རན་སིའི་སྲིད་འཛིན་ཟུར་པ་དང་བོད་ཀྱི་གྲོགས་པོ་སྐུ་ཞབས་རྗེག་ཁོ་ཆི་རག་མཆོག་ནད་གཞི་རྐྱེན་གྱིས་དགུང་གྲངས་ ༨༦ ཐོག་སྐུ་གྲོངས་ཡོད་འདུགཁ་སང་ཞོགས་པར་ཧྥ་རན་སའི་སྲིད་འཛིན་ཟུར་པ་དང་སྲིད་བློན་ཟུར་པ་ཧྥ་རན་སའི་ཆབ་སྲིད་པ་གྲགས་ཅན་སྐུ་ཞབས་རྗེག་ཁོ་ཆི་རག་(Jacques Chirac)མཆོག ཧྥ་རན་སའི་སྨན་ཁང་ཞིག་ཏུ་ཨལ་རྫི་མཱེར(Alzheimer)ཞེས་པའི་དྲན་ཤེས་ཉམས་པའི་ནད་གཞི་ཞིག་གི་རྐྱེན་གྱིས། དགུང་ལོ་ ༨༦ སྟེང་སྐུ་གྲོངས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་པ་ཁོང་གི་སྐུ་ཟླའི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། ངོས་ཀྱིས་ཁོང་བོད་རིགས་མི་མང་གི་གྲོགས་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅེས་ཤུལ་ལུས་སྐུ་ཟླ་ནང་མི་སོགས་ལ་ཐུགས་གསོ་མཛད་འདུག

༧གོང་ས་མཆོག་གི་གསུང་འཕྲིན་ནང་ངོས་ཀྱིས་སྐུ་ཞབས་རྗེག་ཁོ་ཆི་རག་མཆོག་ཕ་རི་སའི་གྲོང་ཁྱེར་སྤྱི་ཁྱབ་པར་འོས་འདེམས་བྱུང་བ་ནས་ངོ་ཤེས་སུ་གྱུར་བ་དང་། ངོས་ཀྱིས་ཁོང་བོད་རིགས་མི་མང་གི་གྲོགས་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། ཁོང་ཧྥ་རན་སའི་སྲིད་འཛིན་ཡིན་སྐབས་ཁོང་གིས་འཇར་མན་དང་མཉམ་ལས་ཀྱི་བྱེད་ཐབས་དེར་ཡི་རང་བསྔགས་བརྗོད་བྱས་པ་ཡིན་ལ། གནད་དོན་དེས་ཡུ་རོབ་མཉམ་འབྲེལ་སྲ་བརྟན་ཡོང་བར་ཞབས་འདེགས་ཞུས་ཡོད་པ་དང་། ངོས་ལ་ཡང་དེ་མཚུངས་ཀྱི་ཆབ་སྲིད་ལས་གཞི་དེ་དག་མ་འོངས་པར་ཨ་ཧྥེ་རི་ཁ་དང་ཨ་མེ་རི་ཁ། ཨེ་ཤ་ཡ་སོགས་ཀྱི་ནང་ཁྱབ་སྤེལ་བྱ་འདོད་ཀྱི་རྨི་ལམ་ཡོད་ལ། ཁོང་གིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་མཉམ་གནས་ཆེད་བློ་སེམས་བརྟན་པོས་གདོང་ལེན་གནང་བ་ནི་གུས་བརྩིའི་ཐོག་དྲན་གསོ་ཞུ་ངེས་རེད། ཅེས་གསུངས་འདུག

ཧྥ་རན་སའི་སྲིད་འཛིན་ལས་ཐོག་མེག་རོན་(Emmanuel Macron)མཆོག་གིས། སྲིད་འཛིན་ཟུར་པ་ཁོང་ནི་ཧྥ་རན་སའི་ཆབ་སྲིད་ཁྲོད་རླབས་ཆེ་བའི་མི་སྣ་ཞིག་ཡིན་པ་དང་། ང་ཚོས་སྲིད་འཛིན་ཟུར་པ་ཁོང་སྐུ་གྲོངས་བར་མྱ་ངན་ཞུ་བཞིན་ཡོད་ཅེས་གསུངས་འདུག་པ་དང་། དེ་རིང་ཧྥ་རན་སིའི་གྲོས་ཚོགས་ནང་སྐར་མ་གཅིག་རིང་ཁོང་ལ་ངག་བཅད་མྱ་ངན་གུས་འདུད་ཞུས་ཡོད་པ་དང་། དོ་ནུབ་ཧྥ་རན་སའི་ཨ་ཧྥེལ་ལྕགས་མདོང་གི་གློག་འོད་དུས་ཚོད་ ༢ རིང་གཟིམ་ནས་ཁོང་ལ་མྱ་ངན་ཞུ་རྒྱུ་ཡིན་འདུག

དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་མང་པོས་ཁོང་འདས་གྲོངས་སུ་སོང་བར་མྱ་ངན་གྱི་བསྒྲགས་གཏམ་མང་པོ་སྤེལ་བཞིན་ཡོད་པ་དང་། རྒྱ་གར་སྲིད་བློན་མུ་དྷི་ཡིས་སྲིད་འཛིན་ཁོང་ནི་རྒྱ་གར་གྱི་བློ་ཐུབ་གྲོགས་པོ་ཞིག་ཡིན་པ་དང་། ངོས་ཀྱི་རྒྱ་གར་བའི་གྲོགས་པོ་བློས་ཐུབ་ཅིག་དང་རྒྱལ་སྤྱིའི་ཆབ་སྲིད་མི་སྣ་གྲགས་ཅན་ཞིག་འདས་གྲོངས་སུ་སོང་བར་མྱ་ངན་ཞུ་བཞིན་ཡོད་དང་། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགན་འཛིན་གྱིས་རླབས་ཆེན་གྱི་གྲོགས་པོ་ཞིག་དང་ཆབ་སྲིད་པ་ཞིག་འདས་གྲོངས་སུ་སོང་བར་བློ་ཕམ་ཡོད་སྐོར་དང་། རྗར་མན་སྲིད་བློན་ལྕམ་ཨན་རྗི་ལཱ་(Angela Merkel)ལགས་ཀྱིས་ཀྱང་སྲིད་འཛིན་ཟུར་བ་ཁོང་འདས་གྲོངས་སུ་སོང་བར་བློ་ཕམ་ཆེན་པོ་བྱུང་བ་དང་། ཁོང་ནི་རྗར་མན་གྱི་གཟེངས་སུ་ཐོན་པའི་གྲོགས་པོ་དང་ལས་རོགས་ཤིག་ཡིན་སྐོར་སོགས་བརྗོད་འདུགསྐུ་ཞབས་རྗེག་ཁོ་ཆི་རག་མཆོག་ཕྱི་ལོ་ ༡༩༨༢ ལོར་ཁོང་ཕ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་ཡིན་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཧྥ་རན་སའི་གྲོས་ཚོགས་ཁང་དུ་གདན་འདྲེན་ཞུས་ནས་བོད་དོན་གསུང་བཤད་གནང་ཡོད་པ་མ་ཟད།  ཁོང་ནི་༧གོང་ས་མཆོག་དང་བོད་ལ་སེམས་ཐག་ཉེ་ཤོས་ཀྱི་གྲོགས་པོ་ཞིག་ཡིན་པའི་གསུང་བཤད་ཀྱང་གནང་ཡོད་པ་དང་།  སྐབས་དེ་ནས་བཟུང་ཧྥ་རན་སའི་ཚོགས་པ་ཆུང་གྲས་དང་མང་ཚོགས་ཀྱིས་ཀྱང་འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་ཀྱི་བོད་ཀྱི་རྒྱལ་དར་བཞེངས་པ་སོགས་བྱས་ཏེ་ཧྥ་རན་སིའི་སྲིད་གཞུང་དང་སྲིད་འཛིན། གྲོས་ཚོགས། སྲིད་དོན་ཚོགས་པ། དེ་བཞིན་མི་སྒེར་གང་ཡིན་ཡང་བོད་དོན་རྒྱབ་སྐྱོར་བའམ་བོད་ཀྱི་གྲོགས་པོ་ཞིག་ཡིན་པའི་རྣམ་འགྱུར་གསལ་བོར་བསྟན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་ང་པེ་ཅིན་ཨོ་ལིམ་པིག་གི་མཛད་སྒོ་ལ་འགྲོ་རྒྱུ་མིན་པ་དང་། གོ་སྐབས་བྱུང་ན་ངས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱ་རྒྱུ་ཡིན། བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་བྱུང་ཚེ་ཧྥ་རན་སིས་གཞུང་འབྲེལ་ཐོག་དགའ་བསུའི་སྤྲོ་སྐྱིད་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

སྐུ་ཞབས་རྗེག་ཁོ་ཆི་རག་མཆོག་ནི་ཕྱི་ལོ་ ༡༩༣༢ ལོའི་ཟླ་ ༩ ཚེས་ ༢༩ ཉིན་ཧྥ་རན་སའི་རྒྱལ་ས་ཕ་རི་སིར་སྐུ་འཁུངས་ཡོད་པ་དང་། ཕྱི་ལོ་ ༡༩༧༤ ནས་ ༡༩༧༦ དང་ཕྱི་ལོ་ ༡༩༨༦ ནས་ ༡༩༨༨ བར་ཐེངས་གཉིས་ལ་ཧྥ་རན་སའི་སྲིད་བློན་གྱི་འགན་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༧༧ ནས་ ༡༩༩༥ བར་ཕ་རི་སའི་གྲོང་ཁྱེར་སྤྱི་ཁྱབ་པ་དང། ཕྱི་ལོ་ ༡༩༩༥ ནས་ ༢༠༠༧་བར་ཧྥ་རན་སའི་སྲིད་འཛིན་གྱི་འགན་བཞེས། ཁོང་ནི་ཧྥ་རན་སའི་ཆབ་སྲིད་མི་སྣ་རླབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། མཐོ་རིམ་གྱི་ཐུགས་འགན་རྐྱང་རྐྱང་འཁུར་ནས་ཡོང་མཁན་ཞིག་ཡིན་པ་དང་། ཁོང་གིས་དེ་སྔ་ཧྥ་རན་སའི་ཞིང་ལས་བློན་ཆེན་ཡང་གནང་མྱོང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༢༧

Leave a Reply