ཕོ་བྲང་ནས་བཀའ་འཁྲོལ་མེད་པར་གྲོས་ཚོགས་ནང་བཀའ་སྤྱི་གཉིས་ནས་གསུང་གླེང་མི་གནང་བའི་འབོད་སྐུལ་གནང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ ༨ པའི་སྔ་དྲོར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཤིག་གིས་བོད་རྒྱ་འབྲེལ་མོལ་སྐོར་ལ་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་སྐབས་ཕྱི་ནང་གསང་གསུམ་དགོས་གལ་ཆེ་བ་དང་། ལས་ཉིན་དང་པོར་རྒྱ་འབྲེལ་མོལ་དང་འབྲེལ་ནས་ཕོ་བྲང་གི་མཚན་སྨོས་པའི་སྐོར་གསུངས་སོང་བ་དང་། དེར་ཕྱི་དྲིལ་བཀའ་བློན་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གིས་དགའ་ལྡན་ཕོ་བྲང་གི་མཚན་སྨོས་པ་ཡིན་ནའང་འགན་འཁུར་གྱི་ཡོད་པ་དང་། བཀའ་ཤག་གིས་དགའ་ལྡན་ཕོ་བྲང་ལ་བཀའ་འདྲི་ཞུ་དགོས་བྱུང་བའམ། ཡང་ན་དགའ་ལྡན་ཕོ་བྲང་གི་ཚབ་ཞུས་ཏེ་ཞུ་དགོས་ཡོད་ན་ཡང་ཞུ་ཐུབ་ཀྱི་ཡོད་གསུངས་བར་བརྟེན། ཉིན་རྒྱབ་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཚོགས་དུས་ ༦ པ་མཇུག་བསྡོམས་སྐབས་ཕོ་བྲང་སྐོར་གྱི་ཚོགས་གཙོའི་ལམ་སྟོན་དེ་བཀའ་ཤག་དང་སྤྱི་འཐུས་རྣམ་པ་ཡོངས་ལ་ཁྱབ་པ་ཞིག་ཡིན་སྟབས། ཕོ་བྲང་གི་བཀའ་འཁྲོལ་མེད་པར་མ་འོངས་པར་གྲོས་ཚོགས་ནང་ཕོ་བྲང་སྐོར་གསུང་གླེང་མི་གནང་རྒྱུའི་འབོད་སྐུལ་གནང་སོང་།དེ་ཡང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། ཉེ་ཆར་བོད་རྒྱལ་འབྲེལ་མོལ་དང་འབྲེལ་བའི་བཀའ་འདྲིར་བཀའ་ལན་གནང་སྐབས། སྲིད་སྐྱོང་མཆོག་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཞིག་གི་མཚན་བོས་ཡོད་པ་དང་། འདས་པའི་གྲོས་ཚོགས་ནང་ཕྱག་འབྲེལ་སྤྱི་འཐུས་ཤིག་གིས་དགའ་ལྡན་ཕོ་བྲང་སྐོར་གླེང་སློང་གནང་སྐབས། ཚོགས་གཙོས་གྲོས་ཚོགས་ར་བའི་ནང་དགའ་ལྡན་ཕོ་བྲང་སྐོར་གླེང་སློང་མི་ཆོག་པའི་ལམ་སྟོན་ཕེབས་ཡོད་སྐོར་དང་། དུས་རྒྱུན་སྲིད་སྐྱོང་མཆོག་འཛམ་གླིང་གི་ཡུལ་གྲུ་གང་སར་ཕེབས་པ་དེ་བོད་དོན་རྒྱབ་སྐྱོར་རག་ཐབས་དང་། དེ་བརྒྱུད་ནས་བོད་རྒྱ་འབྲེལ་མོལ་གྱི་ཁོར་ཡུག་སྐྲུན་ཐབས་གནང་གི་ཡོད་པ་དྲན་གྱི་ཡོད་ཀྱང་། ཉེ་ཆར་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་དང་འབྲེལ་སྤྱི་འཐུས་ཤིག་གིས་བཀའ་འདྲི་གནང་སྐབས། སྲིད་སྐྱོང་མཆོག་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཞིག་གི་མཚན་བོས་ཏེ་སྟབས་བདེ་བོ་ལྟ་བུ་གསུངས་སོང་བ་དེ་ཏག་ཏག་བསྡད་མེད་པ་དང་། ཕྱི་ལོ་ ༢༠༡༡ ལོ་ནས་སྲིད་སྐྱོང་མཆོག་ལ་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་ཡོད་དུས་སྟབས་བདེ་པོ་གནང་བ་དེ་འགྲིག་གི་མེད་པ་དང་། མ་འོངས་པར་སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་ཐད་ཕྱི་ནང་གསང་གསུམ་ཡོད་པའི་ཐོག་ནས་བཀའ་མོལ་གནང་རྒྱུའི་འབོད་སྐུལ་གནང་སོང་།

དེའི་ཐད་ཕྱི་དྲིལ་བཀའ་བློན་བློ་བཟང་སེང་གེ་མཆོག་གིས། ཚོགས་གཙོས་གྲོས་ཚོགས་ར་བའི་ནང་དགའ་ལྡན་ཕོ་བྲང་སྐོར་གླེང་སློང་མི་ཡོང་རྒྱུའི་ལམ་སྟོན་ཕེབས་པ་དེ་གཙོ་བོ་སྤྱི་འཐུས་རྣམ་པར་གསུང་གི་ཡོད་པར་ངོས་འཛིན་གནང་གི་ཡོད་པ་དང་། བཀའ་ཤག་ཐོག་ནས་དགའ་ལྡན་ཕོ་བྲང་གི་མཚན་སྨོས་པ་ཡིན་ན་བཀའ་ཤག་གིས་འགན་འཁུར་གྱི་ཡོད་པ་དང་། བཀའ་ཤག་གིས་དགའ་ལྡན་ཕོ་བྲང་ལ་བཀའ་འདྲི་ཞུ་དགོས་བྱུང་བའམ། ཡང་ན་དགའ་ལྡན་ཕོ་བྲང་གི་ཚབ་བྱས་ཏེ་ཞུ་དགོས་ཡོད་ན་ཡང་ཞུ་ཐུབ་ཀྱི་ཡོད་སྐོར་དང་། དམིགས་བསལ་བོད་རྒྱལ་འབྲེལ་མོལ་གྱི་སྐོར་དེ་དགའ་ལྡན་ཕོ་བྲང་དང་སྲིད་སྐྱོང་བར་ཐད་ཀར་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པར་བརྟེན། དགའ་ལྡན་ཕོ་བྲང་གི་མཚན་སྨོས་དགོས་ཀྱི་མེད་ན་བོད་རྒྱ་འབྲེལ་མོལ་སྐོར་བཀའ་འདྲི་གནང་རྒྱུ་མེད་པ་དང་། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། དེ་སྔ་མ་ཟད་ད་ལྟ་ཡང་བོད་རྒྱ་འབྲེལ་མོལ་གྱི་འགན་གཙོ་བོ་༧གོང་ས་མཆོག་ནས་ཐུགས་སྣང་གནང་གི་ཡོད་པ་དང་། དེ་ནས་སྲིད་སྐྱོང་དང་། ཕྱག་རོགས་གནང་མཁན་དགའ་ལྡན་ཕོ་བྲང་གི་རྒྱ་ཡིག་ཚན་པའི་དྲུང་ཆེ་ཆགས་ཀྱི་ཡོད་སྐོར་དང་། གྲོས་ཚོགས་སྔ་མའི་ནང་བོད་རྒྱ་འབྲེལ་མོལ་སྐོར་ལ་བཀའ་ལན་ཐེངས་འགའ་ཤས་ཞུས་ཚར་ཡོད་ཀྱང་། ད་དུང་བཀའ་འདྲི་གནང་གི་ཡོད་པར་བརྟེན། ད་རེས་བཀའ་ལན་གསལ་པོ་ཞུ་དགོས་བྱུང་བ་དང་། དེ་ཡང་ཕྱི་ལོ་ ༢༠༡༢ ལོར་སྐུ་ཚབ་རྣམ་གཉིས་ནས་དགོངས་པ་ཞུས་རྗེས། རང་ཤུགས་ཀྱིས་སྐུ་ཚབ་མེད་པར་བརྟེན་བོད་རྒྱ་འབྲེལ་མོལ་ཡོང་གི་ཡོད་མེད་བརྗོད་དུས། སྐུ་ཚབ་མེད་པའི་ཐོག་ནས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དགའ་ལྡན་ཕོ་བྲང་གི་རྒྱ་ཡིག་ཚན་པའི་དྲུང་ཆེ་ནས་༧གོང་ས་མཆོག་ལ་ཕྱག་རོགས་ཞུ་ཡི་ཡོད་པ་དང་། ཡང་འགའ་ཤས་ཀྱིས་སྲིད་སྐྱོང་གིས་གང་ཡང་གནང་གི་མེད་སྐོར་བརྗོད་སྲིད་ཀྱང་། གནས་ཚུལ་གང་འདྲ་བྱུང་ནའང་རྒྱ་ཡིག་ཚན་པའི་དྲུང་ཆེས་སྲིད་སྐྱོང་ལ་ཆ་ཚང་ཞུ་ཡི་ཡོད་པ་དང་། ལོ་རེར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་འཚོགས་ཡོང་དུས་གནས་ཚུལ་ག་རེ་འཁྱེར་དགོས་མིན་སོགས་སྲིད་སྐྱོང་གིས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། བཀའ་བསྡུར་གང་བྱུང་པ་དེ་སྲིད་སྐྱོང་ནས་༧གོང་ས་མཆོག་དང་རྒྱ་ཡིག་ཚན་པའི་དྲུང་ཆེ་ལ་སྙན་སེང་ཞུ་ཡི་ཡོད་སྐོར་གསུངས་སོང་བ་དང་། ཕྱི་ནང་གསང་གསུམ་ཡོད་པའི་རྒྱུ་མཚན་གྱིས་བོད་རྒྱ་འབྲེལ་མོལ་སྐོར་བཀའ་འདྲི་མ་གནང་ན་ལེགས་པོ་ཡོད་པ་དང་། བཀའ་འདྲི་གནང་ན་དེར་བཀའ་ལན་འབུལ་དགོས་ཀྱི་ཡོད་སྐོར་གསུངས་སོང་།ཕྱི་དྲིལ་བཀའ་བློན་མཆོག་གི་བཀའ་ལན་ལས་འཕྲོས་ཏེ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གྲོས་ཚོགས་ར་བའི་ནང་དགའ་ལྡན་ཕོ་བྲང་སྐོར་གླེང་སློང་མི་བྱ་རྒྱུ་གཙོར་འདོན་གནང་དགོས་པའི་ལམ་སྟོན་དེ་སྤྱི་འཐུས་དང་བཀའ་ཤག་སྤྱི་ལ་ཁྱབ་ཀྱི་ཡོད་མེད་ཐད་དོགས་འདྲི་གནང་བར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། གནད་དོན་དེའི་ཐད་ཚོགས་གཙོ་ཟུར་པ་ལ་དགོངས་བཀུར་ཞུས་ནས་གསལ་བཤད་གནང་རྒྱུ་ཡིན་སྐོར་གསུངས་པ་ལྟར། ཉིན་རྒྱབ་ཀྱི་ཚོགས་ཐུན་དང་པོའི་ཐོག་ཚོགས་གཙོ་མཆོག་ནས་གྲོས་ཚོགས་ཚོགས་དུས་ ༦ པའི་མཇུག་བསྡོམས་གསུང་བཤད་ནང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གསུང་བབ་རིགས་དགའ་ལྡན་ཕོ་བྲང་ནས་བཀའ་འཁྲོལ་ཡོད་པའམ། གལ་ཆེ་བའི་རིགས་དེ་འདྲ་མེད་ན་མཚན་འབོད་ཀྱི་ཐོག་ནས་གསུང་གླེང་གནང་མི་དགོས་པར་གཙོ་འདོན་བཟོ་ཐུབ་པ་དགོས་པ་དེ་དགེ་མཚན་ཆེན་པོ་མཐོང་གི་འདུག ཅེས་པ་གཞིར་བཞག་ཐོག འབོད་སྐུལ་དེ་སྤྱི་ཡོངས་ལ་གནང་བཞག་པ་ཞིག་ཡིན་པར་བརྟེན། དགའ་ལྡན་ཕོ་བྲང་དང་འབྲེལ་བའི་གནས་ཚུལ་གང་ཡིན་ཡང་བཀའ་ཤག་དང་སྤྱི་འཐུས་རྣམ་པས་དགའ་ལྡན་ཕོ་བྲང་གི་བཀའ་འཁྲོལ་ཆོག་མཆན་མེད་པར་མི་གསུང་རྒྱུའི་འབོད་སྐུལ་གནང་སོང་།

སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས། རང་ཉིད་ཀྱི་གཟིགས་ཚུལ་ལྟར་ན་རྩ་བའི་མང་ཚོགས་རྣམས་མི་རིགས་ཀྱི་རྩ་དོན་ཐད་ལ་ཤ་ཞེན་འདུག་ཀྱང་། བར་སྐབས་ཤིག་ནས་འཛིན་སྐྱོང་བཀའ་ཤག་གི་ཞིབ་འཇུག་མཐར་ཕྱིན་པ་གནང་མ་གནང་དང་། གཟབ་ནན་བྱུང་མ་བྱུང་གི་བར། དེ་བཞིན་འོས་བསྡུའི་བརྒྱུད་རིམ་ཁྲོད་ཀྱི་འཐེན་འཁྱེར་དང་རྩོད་རྙོག་སོགས་ཀྱི་དཀའ་ངལ་དེ་ཚོ་ད་དུང་ཡང་སངས་མ་ཐུབ་པར་ལྷག་བསྡད་ཡོད་པ་དེ་གཙང་བཟོ་བྱེད་དགོས་ཀྱི་ཡོད་པ་དང་། ད་ལྟའི་བཀའ་ཤག་ནས་སྐུ་ལས་མང་པོ་བསྐྱོན་ཡོད་པ་ལྟར་འབྲས་བུ་ཡང་གང་ལ་གང་འཚམ་ཞིག་ཐོན་བསྡད་ཡོད་ཀྱང་། མི་མང་ནས་དེ་ལྟར་མཐོང་ཐུབ་ཀྱི་མེད་པའི་རྐྱེན་རྩ་གང་ལ་ཐུག་ཡོད་མེད་ཐད་དགོངས་བཞེས་གནང་དགོས་པ་དང་། ཡོང་རྒྱུ་བསྡད་པའི་ལོ་གཉིས་དང་ཕྱེད་ཀའི་ནང་ཚུད་ལ་འཛིན་སྐྱོང་བཀའ་ཤག་ངོས་ནས་ཕྱག་ལས་གཙོ་བོ་དེ་བོད་མི་ཡོད་དོ་ཅོག་མཐུན་ལམ་རྡོ་རྩ་ཆིག་སྒྲིལ་གྱི་ཕྱོགས་སུ་འཁྲིད་དགོས་པ་དང་། དེར་ཁྲིམས་ཁང་ལ་གཏུག་བཤེར་བྱས་པའི་རྒྱལ་ཕམ་གྱི་དབྱེ་བ་མེད་ལ། འོས་བསྡུ་བརྒྱུད་ནས་སྤྱི་མོས་དང་མང་མོས་ཀྱི་གནད་དོན་ཞིག་ཀྱང་རྩ་བ་ནས་མིན་པ་དང་། ཕར་ཕྱོགས་ནས་ངོ་རྒོལ་དང་སྐྱོན་བརྗོད་བྱས་ན་ཡང་། བཀའ་ཤག་ངོས་ནས་ལྷག་བསམ་རྣམ་དག་གིས་ཁོ་ཚོར་ཕྱག་བཏང་ནས་ཁོང་ཚོའི་སེམས་ཁོངས་ཀྱི་དཀའ་ངལ་ལ་རྒྱུས་ལོན་གནང་དགོས་པ་དང་། ད་ལྟའི་ཆར་མང་ཚོགས་ཁྲོད་མི་རེ་ཟུང་གི་ཕྱོགས་ལ་ལངས་ཏེ་ཤོག་ཁག་ལྟ་བུར་ཆགས་ཡོད་པ་དེ་ནི་བོད་མིའི་རྩ་དོན་ཐད་དཀའ་ངལ་ཆེ་ཤོས་ཤིག་ཡིན་པར་བརྟེན། བཀའ་ཤག་ངོས་ནས་གང་མགྱོགས་གནད་དོན་དེའི་ཐད་དགོངས་བཞེས་གནང་དགོས་པའི་དགོངས་ཚུལ་གསུངས་སོང་།དེར་ཕྱི་དྲིལ་བཀའ་བློན་མཆོག་གིས། རང་ཉིད་ལྟ་བུར་མཚོན་ན་ཆོལ་ཁ་ལ་ཡིད་ཆེས་མི་བྱེད་མཁན་ཞིག་དང་། ཆོལ་ཁའི་འཐེན་འཁྱེར་དང་ཕྱོགས་ཞེན་དེ་འགྲིག་གི་མེད་པར་གཟིགས་མཁན་ཞིག་ཡིན་པར་བརྟེན། འོས་བསྡུའི་སྔ་རྗེས་གཉིས་ཀའི་སྐབས་ཐད་ཀར་མང་ཚོགས་ཁྲོད་ཕྱིན་པ་ལས་ཆོལ་ཁའི་ཚོགས་པར་ཕྱག་བཏང་མེད་པ་དང་། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཆོལ་ཁའི་གནས་ཚུལ་འདུག་ཅེས་བརྗོད་ཀྱི་ཡོད་པ་དེ་ཚོ། དོན་དངོས་ཐོག་ཆོལ་ཁའི་ཕྱོགས་ཞེན་བྱེད་མཁན་ཚོས་བྱས་པ་ཞིག་ལས། ཁོང་རང་ཉིད་མིན་སྐོར་དང་། དམངས་གཙོ་ཡིན་པའི་ཆ་ནས་འོས་ཤོར་མཁན་གྱིས་ཁས་ལེན་དགོས་ཀྱི་ཡོད་པ་དང་། རྙོག་དྲ་གང་ལྷག་པ་དེ་ཡང་འོས་བསྡུའི་ནང་ལངས་མཁན་གང་ཟག་ཁོང་རང་ཉིད་མིན་སྐོར་དང་། ཁོང་ས་གནས་ཁག་ཏུ་ཕེབས་སྐབས་ངོ་རྒོལ་བྱེད་མཁན་འདུག་ཀྱང་། དམངས་གཙོ་ཡིན་པ་དང་། གཏམ་བརྗོད་རང་དབང་ཡོད་པ། ངོ་རྒོལ་བྱེད་ཆོག་གི་ཡོད་སྐོར་ཞུས་ཡོད་པ་དང་། དུས་རྒྱུན་དུ་ངོ་རྒོལ་བྱེད་མཁན་དེ་ཚོར་ཚོར་བ་ཡོད་པ་དང་། གཏམ་བརྗོད་ཀྱི་རང་དབང་ལག་བསྟར་བྱེད་ཀྱི་ཡོད་པས་ཁོང་ཚོར་བསྔགས་བརྗོད་ཡོད་པ་ལས། ངོ་རྒོལ་མི་བྱེད་མཁན་དང་། ཚོར་བ་མེད་མཁན། ཟུར་ལ་ལྷག་སྡོད་མཁན་དེ་ཚོར་ངོ་རྒོལ་ཡོད་སྐོར་རྗོད་ཀྱི་ཡོད་པ་དང་། དྷ་སར་ངོ་རྒོལ་དུ་ཕེབས་པའི་མི་རྣམས་ལའང་ངོ་རྒོལ་བྱེད་སའི་ས་ཆ་བཞག་ཡོད་པ་མ་ཟད། སྤྱི་འཐུས་འགའ་ཤས་ཀྱིས་ཁོང་ཚོར་ཐུག་རྒྱུའི་དགོངས་ཚུལ་བཏོན་པ་ལྟར་ཁོང་ཚོར་ཐུག་རྒྱུ་ཡིན་སྐོར་གསུངས་ཡོད་ཀྱང་། པར་ཆས་འཁུར་ཡོང་གི་ཡིན་ཞེས་བརྗོད་དུས། པར་ཆས་མེད་པའི་ཐོག་ནས་ཐུག་དགོས་པར་གསུངས་ཡོད་ཀྱང་ཐུག་པར་ཡོང་མེད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་ས་གནས་གང་དུ་ཕེབས་ཀྱང་ངོ་རྒོལ་བྱེད་མཁན་ཚོ་དང་ཐུག་གི་ཡིན་ཞེས་གསུངས་ཡོད་སྟབས། ད་ལྟའི་སྲིད་སྐྱོང་མཆོག་གིས་ཆོལ་ཁའི་གནས་ཚུལ་བཟོས་ཚུལ་སོགས་བརྗོད་པ་དེར་མོས་མཐུན་རྩ་བ་ནས་མེད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༨

Leave a Reply

2 thoughts on “ཕོ་བྲང་ནས་བཀའ་འཁྲོལ་མེད་པར་གྲོས་ཚོགས་ནང་བཀའ་སྤྱི་གཉིས་ནས་གསུང་གླེང་མི་གནང་བའི་འབོད་སྐུལ་གནང་།

  1. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་

    དཔལ་ལྡན་སྲིད་སྐྱོངས་གཙོས་པའི་འཛིན་སྐྱོངས་བཀའ་ཤག་ཀྱིས་ཕྱག་ལས་གཟེངས་ཐོན་གནང་བ་ལ་བཀུར་འོས་སྤྱི་འཐུས་རྣམ་པས་ཆེ་མཐོངགུས་བཀུར་དང་དགའ་བསུ་ཞུ་མཁན་ཞེ་དྲག་མང་པོ་བྱུང་སོང་ འོན་ཀྱང་སྤྱི་འཐུས་རེ་བཟུང་ནས་གཞི་མེད་དང་གནད་དོན་ཞིབས་ཁྲ་མ་གཏོགས་པའམ་མ་ཤེས་པར་རྐྱོན་བརྗོད་དང་དྭོགས་འབྲི་དགོས་མེད་མང་པོ་བཏང་སོང་། ཧ་ཧ་ཧ་ འབྲོག་པའི་གཏམ་དཔེ་ཞིག་ལ་ “ཙི་ཙིས་འབྲོང་ར་བརྩེད་རྩེ་ འབྲོང་མི་ཤི་ཙི་ཙི་ཤི་འདོད་རེད་” ཞེས་པ་ལྟར་འདྲ་བོ་དང་རྒོད་དྲོ་བོ་ཞེ་དྲག་བྱུང་། ཆབ་སྲིད་སྤྱི་དང་ལྷག་པར་དུ་རང་རེའི་ཆབ་སྲིད་ཀྱི་གནད་དོན་ཞིབས་བཞིན་མ་གཏོགས་པར་དགའ་མིན་དགའ་དྭོགས་དང་འདྲེན་སེམས་འཁྲགས་དྭོགས་བཟོ་འདྲའི་བཀའ་མོལ་གནང་ཐལ་མང་དྲག་ན་སྤྱི་ཚོགས་མཆམས་མཐུན་ལ་གནོད་རྐྱོན་འགྲོ་རྒྱུ་དང་མང་ཚོགས་བློ་ཕམ་ཡོངས་རྒྱུ་ལས་མ་འདས་པ་མ་ཟད་ སྤྱི་འཐུས་རང་ཉིད་ཀྱི་ཆེ་མཐོངས་དང་གཏམ་དོན་ལ་གནོད་རྐྱེན་འགྲོ་གཞི་ལས་གཞན་བོད་མིའི་རྩ་དོན་དང་མང་ཚོགས་ཀྱི་བདེ་དོན་ལ་ཕན་ཐོག་སྤུ་ཙམ་ཡོད་མ་རེད་ཞེས་ཐག་གཅད་ནས་ཞུ་ཡ་ཡིན་།
    དེང་སང་གི་སྤྱི་ཚོགས་དྲ་ལམ་གྱི་མཐུན་རྐྱེན་བཟང་བས་བོད་མི་མང་པོ་ཞིག་ནས་གྲོས་ཚོགས་ཀྱི་ཚོགས་འདུ་དང་བཀུར་འོས་སྤྱི་འཐུས་མི་རེ་ངོ་རེ་ནས་བོད་ཀྱི་རྩ་དོན་དང་བོད་མི་མང་ཚོགས་ཀྱི་དགོས་འདུན་རྣམས་ཇི་བཞིན་འགྲུབ་ཐབས་ལ་སྨིན་པའི་དགོངས་ཚུལ་ཇི་འདྲ་གསུངས་ཀྱི་ཡོད་མེད་ཆ་ཚང་བལྟ་མཐོངས་ཐུབ་ཀྱི་ཡོད་། དཔེར་ན་གུས་པ་རང་ལ་བཞག་ན་སྤྱི་འཐུས་རེ་བཟུང་མ་གཏོགས་དངོས་སུ་མཇལ་མ་མྱོང་ལ་ཞལ་མཚོ་གི་མེད་ འོན་ཀྱང་བཀུར་འོས་སྤྱི་འཐུས་ཆ་ཚང་གི་མཚན་དང་རྒྱལ་ཞེན་ལྷག་བསམ་བསྟན་སྲིད་མི་རིགས་དང་བཅས་པའི་རྩ་དོན་ལ་སྨིན་པའི་བསམ་ཚུལ་ཇི་འདྲ་གསུངས་ཡོད་མེད་སོགས་གསལ་པོ་ཤེས་ཐུབ་ཀྱི་འདུག་། རྩ་བའི་ང་ཚོ་མང་གཙོའི་སྒྲིགས་འཛུགས་ཞིག་ནང་མདུན་བསྐྱོད་བྱ་བཞིན་ཡོད་མོད་ཀྱང་ རང་སྣང་གང་དྲན་དང་ ཆེ་མཐོངས་བཟང་སྤྱོད་དམན་ཞིང་ ཞི་མེད་དྲོ་འདོགས་ཀྱིས་ལམ་ལ་མ་འགྲོ་བ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་རེད་ཞུ་།།།

  2. གཞུང་པ་ཚེ་དབང་བསོད་ནམས

    འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ།
    མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ།
    དུས་གསུམ་མཉམ་སྲེས་བྱེད་པ་རྩིས་མཁན་བློ།

    འོས་བསྡུའི་སྐབས་ཀྱི་གནས་ཚུལ་གང་བྱུང་བ་དེ་དག་གོང་ས་མཆོག་
    ནས་ནམ་མཁའ་གཡའ་དག་དང་ས་གཞི་སྡུལ་དག་ཡིན་གསུང་པ་དེ་
    སྤྱི་འཐུས་ཚོའི་མ་གསན་པ་ཡིན་ནམ་ཧཧཧ་ཆེས་མཐོའི་ཁྲིམས་ཁང་
    བཅད་ཁྲ་ལ་མི་མང་སྒུགས་ནས་བསྡད་ཡོད་གྲོས་ཚོགས་ཐུགས་འཁྲལ་
    མ་གནང་རོགས།