མི་ལོ་ལྔ་བཅུའི་ཕྱིར་དྲན།

———-སུམ་སྟོང་བརྒྱད་བརྒྱའི་དཀར་པོའི་ལྷ་དམག(༡༩༦༩ལོའི་འབྲི་རུའི་རྒྱ་རྒོལ།)

དགའ་ལྡན་ཕོ་བྲང་སྐབས་སུ་ནགས་ཤོད་ཚོ་དགུ་གྲགས་ཤིང་སྔར་བཙན་པོའི་བར་གྱི་དཔའ་སྡེ་གྲགས་པ་དེ་ཉིད་ཕྱི་ལོ་༡༩༥༩ ལོ་ནས་བོད་ས་སྤྱི་ལྟར་རྒྱ་ནག་གིས་དྲག་པོས་དམག་གིས་བཙན་འཕྲོག་བྱས་ཤིང་དམྱལ་བ་ལྟ་བུའི་སྡུག་བསྔལ་མྱངས། དེ་ནས་ལོ་བཅུའི་རྗེས་སུ་ ༡༩༦༩ ལོར།(ཟླ་ཚེས་མ་ཤེས་ཀྱང་མིང་དེ་འབྲོང་སྣ་དགོན་དུ་བཏགས་རེད་ཟེར)སུམ་སྟོང་བརྒྱད་བརྒྱའི་དཀར་པོའི་ལྷ་དམག་ཅེས་སྒྲིག་འཇུག་དངོས་སུ་དབུ་བརྙེས་ཏེ་མོ་བ་དམག་སྒར་གཏོར་ཞིང་འབྲི་རུ་རྫོང་དུ་དམག་དྲངས་པའི་རྒྱ་དམག་གིས་མེ་མདའ་སྦག་སྦག་དང་དེང་རབས་ཀྱི་འཕྲུལ་མདའ་རྒྱབ་སྟེ་ན་རོག་སེ་གསུམ་གཙོས་པའི་འབྲི་རུའི་མི་མང་གྲངས་མང་པོ་ཞིག་དེ་གར་སྡེབས་གསོད་བཏང་། འབྲི་རུ་རྫོང་ཐོག་ནས་འབབ་པའི་སྦྲུལ་ཆུ་ཡང་ཤི་རྨས་ཀྱི་ཁྲག་གིས་དམར་པོར་གྱུར་འདུག་ཅེས་སྐབས་དེའི་རྒན་རབས་ཚོས་གསུང་གི་འདུག

ཐོག་མར་ཕྱི་ལོ་༡༩༦༦ ལོར་རྒྱ་གཞུང་གིས་གྱེན་ལོག་དང་མཉམ་འབྲེལ་བྱས་པའི་ཚོགས་པ་གཉིས་བཙུགས་ཏེ་ནང་ཁུལ་འགལ་ཟླ་དང་འཐབ་བརྩོད་བགྱིས་པའི་སྲིད་བྱུས་ཞིག་ཡོད་པ་ལས་འབྲི་རུའི་དཔའ་བོ་ཚོས་གོ་སྐབས་དེ་བཟུང་ནས་རྒྱ་རྒོལ་ཚོགས་པ་འདི་བཙུགས་པ་རེད། ཚོགས་པ་འདི་འདྲ་ཞིག་འཛུག་དགོས་པའི་རྒྱུད་སྐུལ་དང་ཚོགས་པའི་མིང་འདོགས་མཁན་ནགས་ཤོད་འབྲོང་སྣ་དགོན་གྱི་བསྙུང་གནས་བླ་མ་ངག་དབང་སྦྱིན་པ་ཞུ་བ་ཁོང་རེད་འདུག་ལ་ཁོང་དམག་སྤྱི་གཞོན་པའི་ཐུགས་འགན་བཞེས་གནང་བ་དང་།

དམག་སྤྱི་རྒན་པ་འབྲོང་སྣ་དགོན་གྱི་སྟོབས་པོ་སྐུ་རྟེན་བསྟན་འཛིན་ཡེ་ཤེས་འབྱུང་གནས་ཞུ་བ་ཁོང་ཡིན་པ་རེད། འགའ་རེས་ཚོགས་པ་འདི་འཛུག་མཁན་འབྲོང་ངུར་ཆོས་རྗེ་ཡིན་ཚུལ་བརྗོད་པ་ནི་བདེན་པ་མིན་པ་འདྲ། གང་ཡིན་ཞུས་ན་དུས་སྐབས་དེར་འབྲོང་ངུར་ཆོས་རྗེ་རིན་པོ་ཆེའི་ལུང་ཡིག་ཅེས་སྐད་གྲགས་ཆེན་པོ་ཡོད་པ་དང་དེའི་ནང་དོན་སངས་རྒྱས་བསྟན་པ་སླར་དར་རྒྱུ་ཡོད་ཚུལ་གསུང་ཡོད་པ་དེར་བླ་མ་ངག་སྦྱིན་པས་དེ་དོན་དམག་རྒྱབ་ན་རྒྱ་དམག་མཐར་སྤྲོད་དང་རང་ས་རང་བཟུང་ཐུབ་པ་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཐུབ་པ་སོགས་ཀྱི་དོན་དུ་ཡིན་ཚུལ་མི་མང་ནང་དུ་འགྲེལ་བརྗོད་ཤུགས་ཆེར་སྤེལ་བ་དང་།

ལུང་ཡིག་དུམ་བུ་བློར་འཛིན་དུ་བཅུགས་པ། ཡི་གེ་བྲིས་ཏེ་ཕྱོགས་གང་སར་འགྲེམས་སྤེལ་གནང་བས་མི་མང་གིས་ཀྱང་དེ་བཞིན་ཡིད་ཆེས་བྱས་པ་ཞིག་རེད་འདུག འོན་ཀྱང་འབྲོང་ངུར་ཆོས་རྗེ་རིན་པོ་ཆེ་ཁོང་གིས་ལུང་བསྟན་ནང་དོན་སངས་རྒྱས་བསྟན་པ་སྔར་ལྷག་དར་རྒྱུ་ཡོད་ཚུལ། ༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་། རྒྱ་ནག་གི་མ་འོངས་པའི་སྐོར།བོད་ཀྱི་གནས་སྟངས་སྤྱི་ཙམ་ལས་དམག་རྒྱག་དགོས་སྐོར་སུ་ཞིག་ལ་སྐུལ་སློང་བྱས་པའི་ལོ་རྒྱུས་རིན་པོ་ཆེ་དང་འབྲེལ་ཡོད་སུ་ཞིག་ལ་བཤད་རྒྱུ་མི་འདུག (སྟོང་ཉིད་ལུང་བསྟན་དང་རྡོ་རྗེའི་བརྡ་རྟགས། ཞེས་པ་དུས་ད་ལྟ་ཡང་རྒྱ་གཞུང་གིས་འབྲི་རུའི་ཟིངས་འཁྲུགས་ཀྱི་རྩ་འཛིན་ཡིག་ཆ་དང་རྨོངས་དད་འབྱུང་ཁུངས་སུ་རྩིས་ཏེ་དམ་དྲག་བྱེད་ཀྱི་ཡོད་པ་རེད།) གང་ལྟར་དུས་སྐབས་དེར་མི་མང་གིས་རེ་འདོད་བཞིན་འབྲོང་ངུར་ཆོས་རྗེ་རིན་པོ་ཆེ་སླར་ཡང་ཁྲི་གསོལ་སོགས་བྱས་པ་དང་ཡོངས་གྲགས་ཐོག་བཀའ་ཆོས་གནང་བཅུགས་པ་སོགས་བྱས་པ་ལས།

འབྲོང་ངུར་ཆོས་རྗེ་རིན་པོ་ཆེ་འབྲི་རུའི་དམག་སར་ཕེབས་གནང་མེད་པ་དང་དམག་རྒྱག་པ་དེ་ཉན་ཁ་ཆེན་པོ་ཞིག་ཡིན་པ་ཡང་ཡང་གསུང་གནང་བའི་ལོ་རྒྱུས་གསལ་པོ་རེད་འདུག འབྲི་རུའི་དམག་ཕག་རྗེས་རྒྱ་གཞུང་གིས་འབྲོང་ངུར་ཆོས་རྗེ་ནི་རྨོངས་དད་སྤེལ་མཁན་དང་། འབྲི་རུའི་ཟིངས་འཁྲུགས་སློང་མཁན་གཙོ་བདག་ཡིན་པ་སོགས་ནག་ཉེས་མང་པོ་ཞིག་བཙུགས་ཡོད་པ་དང་མཐར་མེ་མོ་བྲག་དཀར་ནས་འཇུ་བཟུང་གིས་སྲོག་ཁྲིམས་བཅད་པ་ཞིག་རེད།

རིན་པོ་ཆེ་ལ་མི་ཕྱེད་པའི་དད་དམ་ཅན་རྣམས་ཀྱིས་ཉེན་བྱོལ་ཆེད་དུ་ཐོག་མར་བཞུགས་གནས་སེབ་བཀྲ་ནས་སྒོ་ཆུ་བ་ལུང་དུ་གདན་དྲངས།རིན་པོ་ཆེ་བ་ལུང་དུ་བཞུགས་སྐབས་ཉིན་ཞིག་མའོ་ཡི་འདྲ་དཔར་ཞིག་འབེན་དུ་བཞག་ནས་ཆ་འཕྲེང་ཡེ་ཤེས་བསྟན་པ་དང་འབྲོང་ངུར་ཆོས་རྗེ་ཁོང་པ་བཅས་པས་མེ་མདའ་འཕངས། སོག་རུ་ཚེ་རིང་ཆོས་འཕེལ་དང་། ཚེ་རིང་རྡོར་རྗེ་སོགས་ཀྱིས་མེ་འཕེན་གནང་བ་ཞུས་ཀྱང་བཀས་མ་གནང་། མཐར་རྒྱ་དཔོན་མའོ་ཀྲུ་ཞིའི་མགོ་པར་དེར་རྡོ་བཞུས་ནས་གཏོར་བཅོམ་བཟོས་པའི་གནས་ཚུལ་ཞིག་ཤོད་རྒྱུ་འདུག སྒོ་ཆུའི་བ་ལུང་དུ་རིན་པོ་ཆེ་བཞུགས་ཡོད་པས་ཕྱོགས་གང་སར་ནས་རྒྱ་རྒོལ་དུ་མ་འཛོམས་བྱུང་བས་དེར་རྒྱ་དམག་གིས་ཉན་ཁ་ཆེ་བས་རིན་པོ་ཆེ་གསང་སྟངས་ཀྱིས་བྱི་རོ་མཚོ་ལུང་དུ་གདན་དྲངས་ཏེ་ཟླ་བ་གཅིག་ཙམ་བཞུགས། དེ་ནས་རིམ་བཞིན་སྐུ་འཁོར་རྣམས་རྒྱ་དམག་དང་གཡུལ་འཁྲུགས་གནང་བཞིན་ཟླ་བ་དུ་མར་རི་ལུང་དུ་མར་བརྒལ་ནས་གནས་མ་ངེས་པར་ཕེབས་ཡོད་པ་དང་།

མཐར་རིན་པོ་ཆེ་ཁོང་གིས་བཀའ་ལྟར་བཙན་རྒོལ་བ་དུམ་བུ་གཉིས་བཟོས་ཏེ་གཅིག་བྱིས་ཚང་རི་བོ་དང་། འབྲོང་ངུར་ཆོས་རྗེ་རིན་པོ་ཆེས་དབུས་སྐུ་འཁོར་རྣམས་ནགས་ཤོད་གནས་ཆེན་མེ་མོ་བྲག་དཀར་དུ་ཕེབས་གནང་མཛད་ཅིང་དེར་བོད་ལྗོངས་སྤྱི་རིམ་ཡི་དམ་རྡོ་རྗེ་ཕུར་པའི་སྒྲུབ་པ་ཞིག་འཚོགས་གནང་བ་དང་དེ་རྗེས་ཕྱོགས་གཉིས་ཀའི་རི་བྱོལ་བ་རྒྱ་དམག་གིས་མཐའ་སྐོར་ཏེ་འཇུ་བཟུང་བྱས་པ་དང་ཆ་འཕྲེང་ཡེ་ཤེས་བསྟན་པ་སོགས་འགའ་བྲོས་ཐར་བྱུང་བ་དང་རིན་པོ་ཆེ་སྐུ་འཁོར་མེ་མོ་ནས་ཤག་ཆུ་ཁར་ཁྲིད་ཅིང་དེ་ནས་འབྲི་རུ་རྫོང་དུ་ཁྲིད་ཡོད་འདུག

འབྲོང་ངུར་ཆོས་རྗེ་རིན་པོ་ཆེ་སྐུ་འཁོར་ལ་རྒྱ་གཞུང་གིས་ཟིངས་འཁྲུགས་ཅེས་མིང་འདོག་བྱས། དོན་དུ་རང་ས་རང་སྲུང་དང་བོད་བསྟན་པ་ཆབ་སྲིད་ཆེད་དུ་སྐུ་ངལ་སྐྱོང་མཁན་དཔའ་བོ་ཤ་སྟག་རེད། སྐབས་དེའི་སྐུ་འཁོར་དུ་འབྲི་རུ་ཙམ་མ་ཟད་ནག་ཆུ། སྨྲི་ཏི་ཁ། སོག་སྡེ།ཨ་གྲག རུ་གསར། ཆ་འཕྲེང་སོགས་རྒྱལ་གཅེས་དཔའ་བོ་རྟ་ཧྲག་མི་ཧྲག་ཉིན་བརྒྱ་ཙམ་ཞིག་འདུག དེ་ནས་མིང་ཤེས་པ་ནི། འབྲོང་ངུར་སྲས་རས་ཆུང་། སྒྲོ་བ་དཀོན་མཆོག་རིན་ཆེན། ཆ་འཕྲེང་ཡེ་ཤེས་བསྟན་པ། དབོན་པོ་ཚང་ཨ་ཧོ། ལྷ་རྗེ་སྐྱིད་པོ། འབྲུག་རྒྱས། སོག་རུ་ངག་དབང་རིག་འཛིན། རུ་གསར་པད་དར། རུ་གསར་དཀར་འབས། གེ་སོ་བཙན་མགོ་བསོད་ནམས་འཕེལ་དར། ཡབ་ཆེན་དཀར་ཡག་རིན་པོ་ཆེ། སྐྱེན་པ་རིག་རྡོར། སྐྱེན་པ་གྲགས་པ། སྙག་མདོ་པདྨ་རྡོ་རྗེ། སོགས་ཀྱིས་རྒྱ་དམག་དང་གདོང་ཐུག་གིས་འཐབ་འཛིངས་དུ་མ་བྱས་ཅིང་དགྲ་བོ་བསད་རྨས་ཅི་རིགས་བྱས་པས་ལོ་རྒྱུས་ཧང་ཅང་གིས་རིང་པོ་ཤོད་རྒྱུ་ཡོད་འདུག

ཕྱི་ལོ་༡༩༦༩ ལོའི་བོད་ཟླ་དགུ་པ་ཡས་མས་སུ་རིན་པོ་ཆེ་སྐུ་འཁོར་རྣམས་ཐོག་མར་གོང་ཞུས་ལྟར་སྒོ་ཆུའི་བ་ལུང་ནས་རིམ་བཞིན་བྱི་རོ་སོགས་ནས་རྒྱ་དམག་བྱོལ་བར་རི་ལ་ཕེབས་ཤིང་མཐར་མེ་མོ་བྲག་ནས་འཇུ་བཟུང་བྱེད་སྐབས་ལོ་ཕྱི་མའི་བོད་ཟླ་གཉིས་པ་སྟེ་ཕྱི་ལོ་༡༩༧༠ ཐམས་པའི་ནང་ཙམ་རེད་འདུག  འབྲོང་ངུར་ཆོས་རིན་པོ་ཆེ་འབྲི་རུ་ལ་རྒྱ་དམར་གྱིས་སྐུ་སྲོག་གཅོད་པའི་དུས་ཚོད་ལོ་དེའི་བོད་ཟླ་བརྒྱད་པའི་ནང་རེད་འདུག

བླ་མ་ངག་དབང་སྦྱིན་པ་ཤག་ཆུ་ཁ་རུ་སྲོག་ཁྲིམས་བཅད། སྟོབས་པོ་སྐུ་རྟེན་རིན་པོ་ཆེ་ཁོང་གཅིག་པུ་རི་ལ་བྲོས་ནས་མཐར་དྲེད་བོའི་བྲག་ཁུང་དུ་མགུལ་དམ་པས་བཅིངས་ཏེ་རང་ཤི་རྒྱག་དགོས་བྱུང་བ་རེད། དེ་ནས་འབྲི་རུ་ཁུལ་དུ་དམིགས་བསལ་དྲག་གནོན་ཚད་ལས་བརྒལ་བ་ཞིག་བཏང་བ་དང་། ཕྱི་ལོ་༡༩༦༩ ལོ་གཅིག་གི་ནང་དུ་འབྲི་རུ་མི་མང་བརྒྱ་སྐོར་ཞིག་དངོས་སུ་མེ་མདའ་རྒྱབ་ནས་བསད་ཡོད་པ་དང་། ད་དུང་རང་ཤི་རྒྱབ་པ་དང་འཐབ་རྩོད་སྐབས་སུ་བསད་པ་དང་མུག་ཤི་ཐེབས་པའི་གྲངས་རོབ་རྩིས་བྱས་ན་སུམ་བརྒྱ་བརྒལ་གྱི་ཡོད་རེད།  རྡུང་སྡིག་དང་འཐབ་རྩོད། བཙོན་འཇུག་མ་བྱས་པ་ཧ་ལམ་མེད་པ་ལྟ་བུ་རེད། དེ་ནི་རྒྱ་ནག་གིས་བོད་ཞི་བའི་བཅིང་དཀྲོལ་བཏང་ཡོད་ཟེར་མོད་དོན་དག་འདི་འདྲ་ཞིག་རེད། དུས་ད་ལྟ་ཡང་རྒྱ་གཞུང་གིས་རེ་དགུའི་ཟིང་འཁྲུགས་ཞེས་མི་དགའ་པ་ཆེན་པོ་བྱེད་ཀྱི་ཡོད་དེའི་རྗེས་འབྲེལ་གྱི་དེང་སང་ཡང་ཡུལ་འདིར་བཙན་བསྣོན་བརྗོད་ཐབས་དཀའ་བ་ཞིག་ཡོད།  རྒྱ་མི་བོད་དུ་སླེབས་ནས་བཟུང་བོད་མི་ཉམས་ཆུང་དམར་གསོད་དང་། ལྷ་རྟེན་དགོན་གསུམ་གཏོར་བཤིགས། ཕ་མ་བུ་གསུམ་ཁ་བྲལ་གཏོང་བ། མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ཆར་གྱོང་གུད་ཚད་ལས་བརྒལ་བ་ཞིག་བཏང་ཡོད་མོད། དེང་སང་གཞོན་རབས་ཚོས་དེའི་སྐོར་ཤེས་མཁན་ཉུང་ཞིང་རྒན་པ་རྣམས་ཉིན་རེར་ལ་ལས་བརྒལ་འགྲོ་ཡི་ཡོད་པས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཤེས་མཁན་ཉུང་དུ་འགྲོ་བ་དང་སྟབས་བསྟུན་རྒྱ་གཞུང་གིས་ལོ་རྒྱུས་རྫུན་མས་བསླུ་ཁྲིད་ཉིན་རེར་ཆེ་རུ་བཏང་གི་འདུག་ཀྱང་ཡུལ་ཕྱོགས་འདིར་དེའི་སྐོར་བཤད་ན་ཉེས་པ་ཕོག་རྒྱུ་ལས་མེད། རྒན་པོའི་གཏམ་འདི་མ་འོངས་པའི་ཆེད་དུ་དང་བོད་ཞི་བའི་བཅིང་དཀྲོལ་བཏང་བའི་སྐད་ཆ་དེ་ཚོ་བདེན་པ་མིན་པའི་ཆེད་དུ་འཛམ་གླིང་ལ་བསྒྲགས་པ་ཡིན་ལ་གོ་སྐབས་བྱུང་ན་རྗེས་སུ་འདི་ལས་གསལ་བ་དང་རྒྱས་པ་ཞུ་ཆོག་ཅེས་སྐབས་དེའི་འཚོ་བ་དངོས་སུ་མྱོང་མཁན་ནགས་ཤོད་རྒན་པོའི་ངག་བཞིན་སུམ་པ་བུས་ཕྱི་ལོ་༢༠༡༩ ། ༩། ༢༠ ལ་བྲིས་ཏེ་སྤེལ།

བསྐྱར་བཅོས།: ༢༠༡༩/༠༩/༢༨

Leave a Reply

2 thoughts on “མི་ལོ་ལྔ་བཅུའི་ཕྱིར་དྲན།

  1. གཞུང་པ་ཚེ་དབང་བསོད་ནམས

    བཙན་རྒོལ་རྒྱལ་སྐྱོབས་བསྟན་སྲུང་དམག་གི་དཔུང།
    མགོན་བཀྲ་སྦྱིན་རྒྱ་ཕོ་རྒོད་དཔའ་བོའི་ཚོགས།
    རྒྱལ་ཁབ་མི་རིགས་རྩ་དོན་རང་སྲོག་དོར།
    ཆོལ་གསུམ་བོད་ཀྱི་དཔའ་བོ་རྣམ་པར་རྒྱལ།

    གཡུལ་ལས་རྣམ་པར་རྒྱལ་བའི་བསྟན་སྲུང་དམག།
    དགྲ་ལ་ལག་འཛིིང་སྙིང་སྟོབ་གླིང་དམག་འདྲ།
    ཆོལ་གསུམ་བོད་ཀྱི་དཔའ་བོའི་ཚོགས་རྣམས་ལ།
    རྟག་ཏུ་གུས་བརྩིའི་བསྔོ་སྨོན་བརྗེད་མི་ཉན།

  2. གཞུང་པ་ཚེ་དབང་བསོད་ནམས

    བཙན་རྒོལ་རྒྱལ་སྐྱོབས་བོད་མིའི་ཚེ་སྲོག་ལ།
    གུང་ཁྲན་ཇག་པས་མཚོན་གྱི་ཚེ་སྲོག་འཕྲོག།
    ལས་འབྲས་བསླུ་མེད་བདེན་པའི་མེ་རོ་དེ།
    གསོད་པའི་ནུས་པ་གུང་ཁྲན་ཀླ་ཀློར་མེད།

    མཆོག་གསུམ་བདེན་པའི་རྩད་ནས་ནག་ཕྱོགས་དཔུང།
    དུས་རབས་ཉེར་གཅིག་ནག་ཕྱོགས་རྒུད་པའི་ལོ།
    བོད་ཀྱི་ལྷ་ཀླུ་ཞི་བདག་མགོན་དཔུང་སྲུང་མའི་ཚོགས།
    ཆོས་མེད་ཀླ་ཀློའི་ངན་དཔུང་མཐར་སྤྲོད་གཏོང།