བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ པ་གྲོལ།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་སྐད་ཡིག་གལ་ཆེན་པོ་ཡིན་ན་སྤྱི་འཐུས་རྣམ་པ་སོ་སོའི་ངོས་ནས་གལ་ཆེན་པོ་འཛིན་པའི་ཐོག་ནས་ལག་བསྟར་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས།ཕྱི་ཟླ་ ༩ པའི་ཚེས་ ༢༠ ནས་ ༣༠ བར་གྱི་ཉིན་གྲངས་ ༩ རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་ཚོགས་ཏེ་དེ་རིང་ནས་ལེགས་པར་གྲུབ་སོང་བ་དང་། ཐེངས་འདིའི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་གྱི་ལོ་འཁོར་ལས་བསྡོམས་ལ་སྤྱི་ཡོངས་ཀྱི་བགྲོ་གླེང་དང་དོགས་འདྲི་དགོངས་འཆར་གནང་བ་དང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ ༩ དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་ཅན་ཞིག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དབུ་འཛུགས་དགོས་པའི་གྲོས་ཆོད་གྲོས་འཆར་གཅིག་བཅས་བཞག་ཡོད་པ་དང་། གཞན་ཡང་། ཁྲིམས་བཟོ་ལས་དོན་ཁག་དྲུག་གཏན་འབེབ་དང་། ཁྲིམས་ཞིབ་པ་ཆེ་བ་གཅིག་དང་ཁྲིམས་ཞིབ་པ་གཞན་གཅིག དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་འགན་འཛིན་གཅིག་ལྕོགས་བཅས་མང་མོས་འོས་འདེམ་གནང་ཡོད་པ་རེད།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་བ་དང་། འཕྲོད་བསྟེན་བཀའ་བློན་མཆོག་ནས་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། ནད་རིགས་སྔོན་འགོག་དང་སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན་ནས་ཊི་སྦི་སྔོན་འགོག་ཆེད་ཧིན་སྒོར་འབུམ་ ༡༡༨ ལྷག་དང་། མཆིན་ནད་དུག་ཐབས་སྔོན་འགོག་ལས་གཞིའི་ཆེད་ཧིན་སྒོར་འབུམ་ ༡༤ ལྷག མ་དང་བྱིས་པ། ལང་ཚོ་དར་བབ་བཅས་ཀྱི་འཕྲོད་བསྟེན་ཆེད་ཧིན་སྒོར་ ༤༥ ལྷག་དང་། མྱོ་རྫས་ངན་གོམས་སྔོན་འགོག་དང་བཅོས་ཐབས་ཆེད་ཧིན་སྒོར་འབུམ་ ༡༤ མ་ཟིན་ཙམ། གཉན་ནད་རག་དུག་སྔོན་འགོག་དང་བརྟག་དཔྱད་ཆེད་ཧིན་སྒོར་འབུམ་ ༡༠ ལྷག ཁ་དང་སོའི་འཕྲོད་བསྟེན་ཆེད་བསྟན་འཛིན་སྒང་དང་ཏི་རྫུ། མེའོ་བཅས་ཀྱི་སློབ་ཕྲུག་བཅས་མི་གྲངས་ ༦༤༩ ལ་རིན་མེད་བརྟག་དཔྱད་དང་སྨན་བཅོས་ཞུས། མིག་བརྟག་དཔྱད་ཀྱི་ལས་གཞི་དང་འབྲེལ་ནས་མི་གྲངས་ཁྱོན་ ༡༠༠ ལ་མཐུན་འགྱུར་དང་འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུའི་ཆེད་ཧིན་སྒོར་འབུམ་ ༤༣ ལྷག་གི་འགྲོ་སོང་བཏང་ཡོད་པ། དེ་བཞིན་སུ་ཇཱ་བོད་ཁྱིམ་དང་ཤེས་རབ་དགའ་ཚལ་སློབ་གླིང་གཉིས་སུ་བོད་ནས་འབྱོར་བའི་བུད་མེད་གྲངས་ ༤༤ དང་གཞི་རིམ་འཕྲོད་བསྟེན་ཟབ་སྦྱོང་སྤྲད་ཡོད་སྐོར་དང་། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད། འབྲེལ་ཆགས་བཅས་ལ་འཚོ་སྣོན་དང་སྨན་གྲོན་ཆེད་ཧིན་སྒོར་ཁྲི་ ༩༩ མ་ཟིན་ཙམ་དང་། དམིགས་བསལ་དགོས་མཁོ་ཅན་ལ་འཚོ་སྣོན་ཆེད་ཧིན་སྒོར་འབུམ་ ༢༡ མ་ཟིན་ཙམ། མཛེས་ནད་ཅན་ལ་འཚོ་སྣོན་དང་སྣ་གྲོན་ཆེད་སྒོར་ཁྲི་ ༡༡ ལྷག་དང་སེམས་ཁམས་འཕྲོད་བསྟེན་ཆེད་སྨན་གྲོན་ཆེད་སྒོར་ཁྲི་ ༣༨ ལྷག རྩིས་ལོའི་ནང་སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་གྲངས་ ༢༡༧༡ ལ་སྨན་བཅོས་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་ཁེ་ཕན་ཆེད་སྒོར་ས་ཡ་ ༢༢ ལྷག་སོང་སྟེ། ནད་རིགས་དྲག་བསྐྱེད་དང་དཔལ་འབྱོར་གྱི་གནས་སྟངས་ཞན་པའི་དུད་ཁྱིམ་མང་པོ་ཕན་ཐོགས་བྱུང་ཡོད་སྐོར་གསུངས་སོང་།ཡང་ལས་བསྡོམས་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་ཚོགས་ཆུང་གི་ངོས་འཛིན་ཐོབ་པའི་ཉམ་ཐག་ཨང་ཐོབ་ཅན་ཁོངས་ནས་རྒས་གཅོང་མགོན་མེད་དང་ལོ་གཞོན་ནད་མནར་གྲངས་ ༡༡༠ ལ་སྨན་བཅོས་མཐུན་འགྱུར་སྒོར་འབུམ་ ༣༨ ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་ལས་ཐོག་རྣམ་པ། བགྲེས་ཡོལ་དང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བདེ་སྲུང་ཁྱབ་ཁོངས་སྐུ་སྲུང་ལས་བྱེད་གྲངས་ ༢༣༣ ལ་སྨན་བཅོས་མཐུན་འགྱུར་ཧིན་སྒོར་འབུམ་ ༦༦ མཐུན་འགྱུར་དང་། བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་ཀྱི་ལས་བྱེད་དང་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་བྱེད་ལ་སྨན་བཅོས་ཐེངས་ ༧༤ མཐུན་འགྱུར་ཧིན་སྒོར་ཁྲི་ ༢༣ མ་ཟིན་ཙམ་ཞུས་པ། ལས་འཆར་སྡེ་ཚན་གྱི་ཁོངས་ནས་འཐུང་ཆུ་གཙང་མའི་ལས་གཞིའི་ཆེད་ཧིན་སྒོར་ས་ཡ་ ༡༥ ལྷག་དང་། ཨར་ལས་འཛུགས་སྐྲུན་ལས་གཞི་དང་སྨན་ཁང་ཁག་ཅིག་གི་ནང་ཡོ་ཆས་དང་འཕྲུལ་ཆས་གསར་ཉོ། གཞིས་ཆགས་ཁག་བཞིའི་ནང་རྩེ་ཐང་གསར་རྒྱག་དང་། གཞིས་ཆགས་གཞན་བཞིའི་ནང་ཉམས་གསོ། གཞིས་ཆགས་ཁག་གསུམ་ནང་ལུས་རྩལ་ཡོ་ཆས་གསར་འཛུགས་སོགས་ཀྱི་ཆེད་དུ་ཧིན་སྒོར་ས་ཡ་ ༡༢ ལྷག་ཙམ་འགྲོ་གྲོན་བཏང་ཡོད་པ་བཀོད་འདུག

ཕྱི་དྲོར་ཚོགས་གཙོ་པདྨ་བྱུང་གནས་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། ས་ཁང་སྒྲིག་གཞི་དེ་འཛིན་སྐྱོང་ལ་དགོས་ཀྱི་ཡོད་པའི་ཆ་ནས་གྲོས་ཚོགས་སྐབས་ ༡༣ སྟེང་གཏན་འབེབ་གནང་བ་ཞིག་ཡིན་པ་དང་། ད་ལྟ་ཡང་ལག་ལེན་བསྟར་མི་ཐུབ་པའི་གནས་སྟངས་ཡོད་སྟབས། ས་གནས་ལ་བསྟུན་ནས་བསྐྱར་ཞིབ་དགོས་སྐོར་དང་། དེ་བཞིན་ད་བར་ཉམ་ཐག་ལ་གཟིགས་སྐྱོང་གནང་བ་དེ་དག་འགྲིག་མིན་ཐད་བསྐྱར་ཞིབ་དགོས་སྐོར་དང་། སྤྱི་འཐུས་རྣམ་པས་ལྷན་ཁང་རེ་རེར་བཏོན་པའི་དགོངས་ཚུལ་རྣམས་ཡག་སྡུག་ལ་མ་ལྟོས་པར་ཚང་མ་གལ་ཆེན་དུ་ངོས་འཛིན་གནང་བའི་ཐོག་ནས་གང་ཐུབ་པ་དེ་གསལ་པོ་གསུང་དགོས་པ་དང་། གཞན་ཡང་སྤྱི་འཐུས་རྣམ་པ་ས་གནས་ལ་སྐོར་བསྐྱོད་དུ་ཕེབས་རྒྱུ་དེ་གལ་ཆེན་ཞིག་ཏུ་རྩི་དགོས་པ་དང་། བཀའ་སྤྱི་གཉིས་ཀས་མ་འོངས་པར་དགའ་ལྡན་ཕོ་བྲང་གི་ཕྱག་ལས་གནང་སྟངས་འགྲིག་དང་མ་འགྲིག་སྐོར་ནས་གསུང་གླེང་མ་གནང་ན་ཡག་པོ་ཡོད་སྐོར་སོགས་གསུངས་སོང་།ཡང་ཚོགས་གཙོ་མཆོག་གིས། སིཌ་ནིའི་ (Sydney)རྙོག་དྲ་ལྟ་བུར་མཚོན་ན། ང་ཚོའི་སྤྱི་ཚོགས་ནང་ལ་རྙོག་དྲ་དེ་དགོས་ཀྱི་ཡོད་པ་མ་རེད། དེར་བརྟེན་རྙོག་དྲ་ཡོད་པ་དེ་དུས་ཚོད་ཐུང་ཐུང་ནང་མེད་པར་བཟོ་རྒྱུའི་འབད་བརྩོན་གནང་དགོས་པ་ལས། དེ་ལྟར་བཞག་ཚེ་ཆེ་རུ་ཆེ་རུ་མ་གཏོགས་ཆུང་དུ་འགྲོ་ཡི་མ་རེད། དེར་བརྟེན། དེའི་ཐོག་ལ་ང་ཚོས་ག་རེ་གནང་དགོས་ཀྱི་འདུག སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་གཅིག་བྱས་ན་གོ་བསྡུར་ཡོང་གི་རེད། ད་ལྟ་གང་ཡོད་པ་དེ་མེད་པར་བཟོ་དགོས་པ་ཞིག་དང་། མ་འོངས་པ་དེ་འདྲའི་རིགས་དེ་མ་ཡོང་བའི་ཐབས་ཤེས་གང་བྱེད་དགོས་མིན་ཐོག་ལ་ང་རང་ཚོ་ཚང་མས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད་འདུག ཅེས་དང་། ང་རང་ཚོས་འདིར་དགོངས་འཆར་གནང་པའི་སྐབས་ལ་བོད་ཡིག་གལ་ཆེན་པོ་ཡིན་པ་དང་། བོད་སྐད་གལ་ཆེན་པོ་ཡིན་པ། གང་ལྟར་མི་རིགས་ཀྱི་སྲོག་རྩ་ཡིན་པ་གསུང་གི་ཡོད་པ་རེད། ཡིན་ན་ཡང་། ད་རེས་གྲོས་ཚོགས་ནང་ལ་དེ་སྔ་དང་མ་འདྲ་བའི་སྐད་ཡིག་བསྲེ་ལྷད། བོད་ཡིག་མཉམ་དུ་དབྱིན་ཇི་དང་ཧིན་དྷི་རྒྱག་མཁན་དེ་འདྲ་མང་པོ་ཞིག་བྱུང་སོང་། ན་ནིང་ཡིན་ན་དེ་འདྲའི་ཚིག་གཅིག་བེད་སྤྱོད་གཏང་རྒྱུ་ཡིན་ན་ཚོགས་གཙོ་ལ་བཀའ་འཁྲོལ་ཞུ་རྒྱུ་ལ་སོགས་པ་ཡོང་གི་ཡོད་པ་རེད། ད་རེས་དེ་འདྲ་ཞིག་བྱུང་མ་སོང་། དེར་བརྟེན་མ་འོངས་པར་དེའི་ཐོག་ལ་ཐུགས་གཟབ་གནང་རོགས། གལ་ཆེན་པོ་ཡིན་ན་ང་རང་ཚོ་རང་གིས་གལ་ཆེན་པོ་འཛིན་པའི་ཐོག་ནས་ལག་བསྟར་གནང་དགོས་པ་གལ་ཆེན་པོ་རེད། དེ་དེ་བཞིན་ཁ་སང་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ནས་ཚོར་བ་དྲག་པོ་ཞེ་དྲགས་བྱུང་། ང་ཚོའི་སྐད་དེ་གང་འདྲ་ཆགས་ཀྱི་ཡོད་ན། ང་ཚོས་ཡང་བསྐྱར་ལོ་ལྔ་དང་གསུམ་དེ་འདྲའི་ནང་ལ་བདེན་མཐའ་གསལ་བ་ཡིན་ན་ཡག་ཤོས་རེད། ད་ཡང་བསྐྱར་ལོ་སུམ་ཅུ་བསྡད་དགོས་བྱུང་ན། ཁྱོན་ནས་སྐད་ཆ་ཚང་བརླག་འགྲོ་རྒྱུ་རེད་བསམ་པའི་ཚོར་སྣང་བྱུང་། དེར་བརྟེན་གཟའ་མཇུག་སློབ་གྲྭ་ཙམ་མ་ཟད་ང་ཚོས་དེ་ལས་ཁྱབ་ཆེ་བ་ག་རེ་བྱེད་དགོས་ཀྱི་འདུག སྒྲིག་འཛུགས་ངོས་ནས་ག་རེ་བྱེད་དགོས་ཀྱི་འདུག གང་ཟག་སྒེར་ངོས་ནས་ག་རེ་བྱེད་དགོས་ཀྱི་འདུག ཕ་མ་སོ་སོའི་ངོས་ནས་ག་རེ་བྱེད་དགོས་ཀྱི་འདུག གང་ལྟར་འདི་ཛ་དྲག་ཅིག་ལ་རྩིས་པའི་ཐོག་ནས་གོམ་པ་བརྒྱབ་དགོས་ཀྱི་འདུག་མ་གཏོགས། དེ་ལྟར་བཞག་པ་ཡིན་ན། ཉེན་ཁ་ཞིག་ལ་མཐོང་ཡོང་གི་འདུག ཅེས་གསུངས་སོང་།

 གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༣༠

Leave a Reply

2 thoughts on “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ པ་གྲོལ།

  1. གཞུང་པ་ཚེ་དབང་བསོད་ནམས

    ང་ཚོའི་གཉིས་སྨན་དབུ་མའི་ལམ་ལ་འགན་འཁུར་ནས་བོད་ཀྱི་དཀའ་ངལ་སེལ་རྒྱུའི་དགོང་པ་
    བཞེས་གནང་གི་ཡོད་ན་རྒྱ་མིའི་མཉམ་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་
    ཕར་ཉན་རྒྱུད་ནས་བོད་རྒྱའི་དཀའ་ངལ་སེལ་དགོས་པ་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་
    ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་
    དགོས་པ་དེ་དབུ་མའི་ལམ་གྱི་དགོས་འདུན་ངོ་མ་དེ་ཡིན་ན་ནུབ་ཕྱོགས་རྒྱལ་ཁབ་ལ་རེ་བཅོལ་གནང་
    རྒྱུ་དེ་དབུ་མའི་ལམ་གྱི་དགོས་མདུན་དང་མཐུན་པ་ཞིག་ཨ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས

    གཞུས་ཆགས་ཁག་བསྲ་བརྟན་དང་རྒྱུན་གནས་དགོས་ན་ད་ལྟའི་ས་ཁང་སྒྲིག་
    གཞི་ལ་བསྐྱར་བཅོས་གནང་ནས་སོ་སོའི་ས་ཞིང་སོ་སོའི་འདེབས་དགོས་པ་
    ལས་གཞན་ལ་བོགས་མ་བཏང་རྒྱུ་དེ་དག་མ་འོངས་འབྲེལ་ཡོད་གནས་ཡུལ་
    ལུང་པའི་ས་གནས་ལས་བྱེད་ནས་RTC ཐོག་བཀའ་རྩད་མི་ཡོང་བའི་ངེས་
    པ་མེད་པ་བཅས་ས་འོག་ཆུ་འདྲེན་དེ་དག་ལ་ཚད་གཞི་བཟོས་ནས་མ་འོངས་གཞིས་མི་
    ཚོར་འཐུང་ཆུའི་དཀའ་ངལ་མི་འཕྲད་པ་སོགས་གཞིས་ཆགས་བསྲ་བརྟན་
    དང་རྒྱུན་གནས་ཐུབ་པའི་ལས་འཆར་ངོ་མ་དེ་ཚོའི་སྐོར་ལ་གྲོས་ཚོགས་ནང་
    བགྲོ་གླེང་དང་གྲོས་ཆོད་་ག་རེ་བཞག་ཡོད་དམ།