ལྔ་དང་ལྔ་བཅུའི་ཚོགས་འདུ་ཡི་མགྲིན་ཚབ་པ་ལྔ།

བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་འདུས་སྡོད་ཆེ་བའི་འཛམ་གླིང་རྒྱལ་ཁབ་ལྔ་ཡི་ནང་ལྔ་དང་ལྔ་བཅུའི་ཚོགས་འདུ་ཡི་མགྲིན་ཚབ་པ་ལྔ་བསྐོ་བཞག་གནང་འདུགདེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ལྷན་འཛོམས་ཐོག ཉེ་ཆར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཐོག་འདེམས་ཐོན་བྱས་པའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་མགྲིན་ཚབ་པ་ལྔ་གསལ་བསྒྲགས་གནང་སོང་བ་དང་། གཞོན་སྐྱེས་མགྲིན་ཚབ་པ་ཚོས་རང་ཁོངས་ཀྱི་ས་གནས་ཁག་ལ་བོད་དོན་དང་། བོད་མིའི་སྒྲིག་འཛུགས། དེ་བཞིན་ལྔ་དང་ལྔ་བཅུའི་ཚོགས་འདུ་སོགས་ཀྱི་སྐོར་ནས་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ང་ཚོའི་ལོ་གཉིས་ཀྱི་ཉམས་མྱོང་ལ་གཞི་བཞག་པའི་ཐོག་ནས། གཞོན་སྐྱེས་མགྲིན་ཚབ་པ་རྣམས་ཐོག་མར་རྒྱ་གར་ལ་ཁྲིད་དེ། ཉིན་ཤས་རིང་གཞིས་ཆགས་ཁག་དང་སློབ་གྲྭ་ཁག དེ་བཞིན་མཉམ་འབྲེལ་ཁག་དང་རྒས་གསོ་ཁང་སོགས་བསྟན་ནས་ཆ་ཚང་བ་ཞིག་རྟོགས་ཐུབ་པ་བྱ་རྒྱུ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཚང་མའི་གནས་ཚུལ་དང་། དབུ་མའི་ལམ་གྱི་སྲིད་བྱུས་གཙོས་པའི་ཕྱག་ལས་གནང་སྟངས་ཆ་ཚང་ལ་རྒྱུས་ལོན་བྱས་ཏེ། རྗེས་མའི་ལོར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཚོགས་པའི་སྐབས་ལ་ཁོང་ཚོའི་ཁྲོད་ནས་གཏམ་བཤད་དང་། སྟངས་འཛིན་གནང་མཁན། དེ་བཞིན་ཚོགས་ཆུང་ནང་འགན་འཁུར་མཁན་དེ་འདྲ་བྱུང་ན་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་ལྷུག་པོ་ཡོང་སྲིད་པ་རེད། ཅེས་དང་། ཐོག་མར་ང་ཚོས་གཞོན་སྐྱེས་མགྲིན་ཚབ་པའི་འོས་མི་རྣམས་ལ་འབྲེལ་བ་བྱས་ཏེ་བདུན་ཕྲག་གཉིས་རིང་རྒྱ་གར་ནང་དུས་ཚོད་གཏོང་ཐུབ་ཀྱི་ཡོད་མེད་དྲིས་ཏེ། དུས་ཚོད་གཏོང་ཐུབ་ཀྱི་ཡོད་ཟེར་མཁན་ལྔ་བདམས་ཡོད་པ་རེད། སྤྱིར་བུད་མེད་གསུམ་གདམ་རྒྱུའི་འཆར་གཞི་ཡོད་ཀྱང་། བུ་མོ་གསུམ་ཀས་དུས་ཚོད་གཏོང་ཐུབ་ཀྱི་མི་འདུག་གསུངས་པ་ལ་བརྟེན་ནས་ད་ལྟ་བུ་གསུམ་དང་བུ་མོ་གཉིས་བདམས་ཡོད་པ་རེད། ཅེས་གསུངས་སོང་།ལྔ་དང་ལྔ་བཅུའི་གཞོན་སྐྱེས་མགྲིན་ཚབ་པ་ལྔ་ནི། རྒྱ་གར་ལྡེ་རུ་ལྡུན་གྲོང་ཁྱེར་དུ་ཁྲིམས་ལུགས་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པའི་ལྷ་རོང་ལགས་དང་། ཨ་རིའི་སན་ཊི་ཁེ་ཏི་རིན་མཐོ་སློབ་ཏུ་མགོ་འཁྲིད་རིག་པའི་ཐོག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པའི་བསྟན་འཛིན་ནོར་སྒྲོན་ལགས། ཨོ་གླིང་གི་ཝིག་ཊོ་རི་ཡ་ཁྲིམས་ལུགས་སློབ་གྲྭའི་ནང་ཁྲིམས་ལུགས་རིག་པ་སྦྱོང་བཞིན་པའི་མགོན་པོ་བཀྲ་ཤིས་ལགས་དང་། ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ནད་ཡམས་དཔྱད་རིག་ཐོག་རབ་འབྱམས་པའི་སློབ་གཉེར་གནང་མུས་ཡིན་པའི་བསྟན་འཛིན་ནོར་འཛིན་ལགས། སུད་སིའི་རྫུ་རིག་ཚན་རིག་སློབ་ཁང་ནས་དངུལ་ཁང་དང་དཔལ་འབྱོར་རིག་པའི་ཐོག་རབ་འབྱམས་པའི་སློབ་གནས་བླངས་པའི་ལྷ་ནིང་སྐལ་བཟང་རྡོ་རྗེ་ལགས་བཅས་ཡིན་པ་དང་། ཐོག་མའི་འཆར་གཞི་ལྟར་འཛམ་གླིང་ནང་གི་བོད་མི་གནས་སྡོད་ཆེ་སའི་ས་ཁུལ་རེ་རེ་ནས་མགྲིན་ཚབ་པ་རེ་ཡོང་ཐུབ་ཐབས་གནང་གི་ཡོད་པ་དང་།  ད་ལན་བདམས་ཐོན་བྱུང་བའི་གཞོན་སྐྱེས་མགྲིན་ཚབ་པ་རྣམས་ཀྱིས་གཙོ་བོ་རང་ཉིད་གནས་སྡོད་བྱེད་སའི་ས་ཁུལ་གྱི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་དོན་སྤྱི་དང་། བྱེ་བྲག་བོད་མིའི་སྒྲིག་འཛུགས་དང་། དབུ་མའི་ལམ་གྱི་སྲིད་བྱུས། ལྔ་དང་ལྔ་བཅུའི་ཚོགས་འདུ་སོགས་ཀྱི་སྐོར་ནས་གོ་རྟོགས་སྤེལ་རྒྱུ་དང་། རྗེས་མའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ནང་རྐང་འགན་འཁུར་དགོས་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༠༡

Leave a Reply

One thought on “ལྔ་དང་ལྔ་བཅུའི་ཚོགས་འདུ་ཡི་མགྲིན་ཚབ་པ་ལྔ།

  1. གཞུང་པ་ཚེ་དབང་བསོད་ནམས

    ལྔ་དང་ལྔ་བཅུའི་འཆར་སྣང་ཟེར་བ་དང་ལྔ་དང་ལྔ་བཅུའི་ལས་འཆར་ཟེར་བ་དང་
    ལྔ་དང་ལྔ་བཅུའི་མགྲིན་ཚབ་ཟེར་བ་དེ་ཚོ་ཚང་མ་སྤྱི་འཐུས་གྲོས་ཚོགས་ནས་གྲོས་
    ཆོད་ཟིན་པའི་ཁྲིམས་མཐུན་གྱི་སྲིད་བྱུས་ཞིག་ཨ་ཡིན་ན།