སྐད་ཡིག་གཉིས་པའི་དགོས་མཁོ།

ནོར་བསམ།

སྐད་ཡིག་དང་པོ་དང་། གཉིས་པ། གསུམ་པ་གང་ཞིག་སྦྱོང་ནའང་ཐོག་མར་སྐད་ཡིག་གི་དགོས་མཁོ་ངོས་འཛིན་ཐུབ་དགོས། སྐད་ཡིག་གི་དགོས་མཁོ་ནི་འགྲོ་བ་མིས་སྐད་ཡིག་ཤེས་རྒྱུའི་ནུས་ཚད་དང་། སྐད་ཡིག་བརྒྱུད་ནས་ཕན་ཚུན་གོ་བརྡ་སྤྲོད་པའི་འཇོན་ནུས་ལ་གོ་དགོས། སྐད་ཡིག་གི་དགོས་མཁོའི་ཁྱབ་ཁོངས་སུ་སྐད་ཡིག་གང་དེའི་སྒྲོམ་གཞི་དང་། བརྡ་སྤྲོད། མཚོན་ཐབས་བཅས་ཚུད་ཡོད།

ཕྲན་གྱིས་སྐད་ཡིག་གཉིས་པའི་དགོས་མཁོའི་སྐོར་གཙོ་བོ་འབྲི་རྒྱུ་ཡིན་ནའང་། རང་ཉིད་སྒེར་གྱི་བསམ་ཚུལ་དང་། དེབ་ཀློག་པ་ཙམ་ལ་གཞི་བཅོལ་བ་མིན་པར། ཕྲན་གྱིས་མཐོ་སློབ་ལ་སྐད་ཡིག་གཉིས་པའི་སློབ་ཁྲིད་རྣམ་གཞག་ལ་སློབ་སྦྱོང་བྱས་པ་དང་། སློབ་ཁྲིད་བྱས་པའི་ཉམས་མྱོང་ཕྲན་བུ་ཕྱོགས་བསྡོམས་ཀྱིས་ཀློག་མཁན་རྣམ་པར་ཕན་ཐོགས་ཅུང་ཟད་བྱུང་ན་བསམ་ནས་འབྲི་རྒྱུ་ཡིན། སྐད་ཡིག་གཉིས་པའི་སློབ་ཁྲིད་རྣམ་གཞག་ནི་བརྗོད་གཞི་རྒྱ་ཆེན་པོ་ཡིན་པ་དང་། དེ་དག་ལས་ཕྲན་གྱིས་གོང་བརྗོད་ལྟར་སྐད་ཡིག་གཉིས་པའི་དགོས་མཁོ་སྐོར་ཅུང་ཟད་འབྲི་ཐབས་བྱ་རྒྱུ་ཡིན།

ཕྲན་མཐོ་སློབ་ལ་ཡོད་སྐབས་སློབ་ཚན་བྱེ་བྲག་པ་དེ་འཁྲིད་མཁན་དགེ་རྒན་ཁོང་གི་སྐོར་ཅུང་ཟད་བརྗོད་འདུན་བྱུང་། ཕྲན་གྱི་རྒན་ལགས་ཁོང་ནི་འདས་པའི་ལོ་ངོ་ ༡༩ རིང་ལ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། ཧང་གྷ་རི། ཨིན་ཡུལ། ཁེ་ན་ཌ་སོགས་ཀྱི་ནང་ལ་ཨིན་ཡིག་སྐད་ཡིག་གཉིས་པ་ (ESL English as Second Language) དང་། ཕྱི་རྒྱལ་སྐད་ཡིག་ (EFL English as Foreign Language) ཐོག་ནས་སློབ་ཁྲིད་གནང་བའི་ཉམས་མྱོང་ཡོད་མཁན་ཞིག་རེད། གོང་དུ་ཨིན་ཡིག་སྐད་ཡིག་གཉིས་པ་ ESL དང་། ཨིན་ཡིག་ཕྱི་རྒྱལ་སྐད་ཡིག་ EFL ཐོག་ནས་སློབ་ཁྲིད་གནང་གི་ཡོད་པ་བྲིས་པར། འཁྲིད་གཞི་ཨིན་ཇིའི་སྐད་ཡིག་གཅིག་ལ་སློབ་ཁྲིད་སྐབས་སུ་དབྱེ་བ་གཉིས་སུ་ག་རེ་བྱས་ནས་ཕྱེ་ཡི་ཡོད་དམ་དྲན་སྲིད། དཔེ་མཚོན་དང་བཅས་ནས་འགྲེལ་བརྗོད་ཞུ་ཆོག་པ་ཞུ། ཕྲན་གྱི་རྒན་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡུལ་དེའི་མི་ལ་ཨིན་ཡིག་སློབ་ཁྲིད་གནང་སྐབས་ཨིན་ཡིག་དེ་ཕྱི་རྒྱལ་སྐད་ཡིག་གི་ངོ་བོའི་ཐོག་ནས་སློབ་འཁྲིད་གནང་གི་ཡོད་པ་དང་། ཁོང་གིས་ཁེ་ན་ཌ་དང་ཨིན་ཡུལ་དུ་ཅེག་རྒྱལ་ཁབ་ཀྱི་མི་ལ་ཨིན་ཡིག་སློབ་ཁྲིད་གནང་སྐབས་ཨིན་ཡིག་སྐད་ཡིག་གཉིས་པའི་ངོ་བོའི་ཐོག་ནས་སློབ་ཁྲིད་གནང་གི་ཡོད། ཁོང་གིས་སློབ་ཁྲིད་གནང་ཡུལ་ཅེག་རྒྱལ་ཁབ་ཀྱི་མི་ཡིན་པ་དང་། སློབ་ཁྲིད་ནང་དོན་ཨིན་ཡིག་ཡིན་པ་གཅིག་མཚུངས་ཡིན་ནའང་། སློབ་ཁྲིད་གནང་ཡུལ་གྱི་ཁོར་ཡུག་ལ་གཞིགས་ནས་སྐད་ཡིག་གཉིས་པ་དང་། ཕྱི་རྒྱལ་སྐད་ཡིག་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཡོད།

ངས་གོང་དུ་ཁོར་ཡུག་ལ་ལྟོས་ནས་ཞེས་བྲིས་ཡོད་པས་ཀློག་མཁན་ཚོས་དོ་སྣང་བྱུང་ཡོད་པའི་རེ་བ་ཡོད། སྐད་ཡིག་གང་ཞིག་སློབ་སྦྱོང་བྱེད་ནའང་ཁོར་ཡུག་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། རྒྱུ་མཚན་ནི། སྐད་ཡིག་ནི་རྩལ་ཞིག་ཡིན་སྟབས་སྐད་ཡིག་སྦྱོང་སྐབས་སྦྱོང་བརྡར་བྱེད་སའི་ཁོར་ཡུག་ངེས་ཅན་ཞིག་དགོས། ཅེག་རྒྱལ་ཁབ་ཀྱི་མིས་ཨིན་ཡིག་ཅེག་རྒྱལ་ཁབ་ནང་སྦྱོང་སྐབས་འཛིན་ཁང་ནང་ལ་ཨིན་ཡིག་བེད་སྤྱོད་བྱེད་པ་ལས་འཛིན་གྲྭ་དང་སློབ་གྲྭའི་ཕྱི་ལ་ཨིན་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མེད་པ་དང་། ཅེག་རྒྱལ་ཁབ་ཀྱི་མིས་ཨིན་ཡུལ་དང་ཁེ་ན་ཌ་སོགས་ཀྱི་ནང་ཨིན་ཡིག་སློབ་སྦྱོང་བྱེད་སྐབས་འཛིན་གྲྭ་ཙམ་མིན་པར་སློབ་གྲྭའི་ཕྱི་རོལ་དུ་ཨིན་ཇིའི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཡོད་སྟབས་ཨིན་ཡིག་དེ་གང་ཟག་དེའི་སྐད་ཡིག་གཉིས་པ་ཆགས་ཡོད། དེ་བས་ཕྲན་གྱིས་བརྗོད་འདོད་པ་ནི། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ལ་བོད་ཡིག་སྐད་ཡིག་གཉིས་པའི་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་ཅེས་འབྲེལ་ཡོད་མང་པོ་ཞིག་གིས་བརྗོད་ནའང་། དངོས་ཡོད་གནས་ཚུལ་ལ་གཞིགས་ན་སྐད་ཡིག་གཉིས་པ་དང་། ཕྱི་རྒྱལ་སྐད་ཡིག་དབར་གྱི་ཁྱད་པར་དང་དབྱེ་བ་ཕྱེ་སྟངས་མི་ཤེས་པའི་སྐྱོན་དུ་མཐོང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་ཚོས་འཛིན་ཁང་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱས་པ་བཞིན་སློབ་གྲྭ་དང་ཁྱིམ་ཚང་གི་ཕྱི་ལ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མེད་པས་ཁོ་ཚོས་བོད་ཀྱི་སྐད་ཡིག་ཕྱི་རྒྱལ་སྐད་ཡིག་གི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱེད་བཞིན་ཡོད། ད་ཐེངས་རྩོམ་ཡིག་འགོ་འཛུགས་ཡིན་སྟབས། དངོས་གཞི་འགོ་མ་འཛུགས་སྔོན་ལ་ཉེ་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྐོར་གྲོས་ཚོགས་དང་། བརྒྱུད་ལམ་ཁག་ལ་གླེང་སློང་བྱུང་བཞིན་ཡོད་སྟབས་རོབ་ཙམ་གླེང་པ་ཡིན། སྐད་ཡིག་གཉིས་པའི་སློབ་ཁྲིད་རྣམ་གཞག་ལས་སྐད་ཡིག་གཉིས་པའི་དགོས་མཁོའི་སྐོར་ཞིབ་ཕྲ་མུ་མཐུད་འབྲི་ཡི་ཡིན།

དེང་སྐབས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་བཙན་བྱོལ་བོད་མི་གཞིས་སྤོས་ཀྱིས་བོད་མིའི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ནའང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཁོར་ཡུག་སྔར་བཞིན་ཧ་ཅང་སྐྱོ་པོར་ལུས་ཡོད། ཉེ་ལམ་གྲོས་ཚོགས་ཐོག་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་གལ་ཆེའི་སྐོར་གསུང་མཁན་མང་པོ་བྱུང་སོང་ལ། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་ལ་བསྟན་འཛིན་པདྨ་ཞུ་བ་ཞིག་གིས་རྩོམ་ཡིག་གི་འགོ་བརྗོད་ལ་ (ཐོག་མ་ཉིད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱེད་རྒྱུ་མཚམས་འཇོག་གནང་དགོས།) ཞེས་པ་འགོད་སྤེལ་བྱས་འདུག་པའི་ནང་དོན་གཙོ་བོ་ནི་ཕྱི་རྒྱལ་ཡུལ་ཁག་ལ་བོད་ཀྱི་སྐད་ཡིག་ཉམས་རྒུད་ཤུགས་ཆེ་འགྲོ་བཞིན་པ་དང་། མི་སྒེར་དང་མི་རིགས་ཀྱི་ངོ་བོ་བརླག་བཞིན་པ། མེས་པོས་བཞག་པའི་ཆོས་རིག་ཉམས་རྒུད་དུ་འགྲོ་བཞིན་པ། ཕ་མ་བུ་ཕྲུག་དབར་གྱི་འབྲེལ་བ་ཉམས་རྒུད་འགྲོ་བཞིན་པ་སོགས་བྲིས་འདུག་ལ། ད་དུང་བསྟན་འཛིན་པདྨ་ལགས་ཀྱིས་རྩོམ་ཡིག་དེའི་ནང་། ནུབ་ཕྱོགས་ཡུལ་ཁག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཡོད་པ་བསྔགས་འོས་ཡིན་ནའང་། སློབ་གྲྭ་དེ་རིགས་ཀྱིས་བོད་ཀྱི་སྐད་ཡིག་གི་ཛ་དྲག་གནས་སྟངས་ཀྱི་ནད་རྟགས་རགས་པ་བཅོས་རྒྱུའི་འབད་བརྩོན་བྱེད་བཞིན་པ་ལས་ན་ཚ་རྩ་བ་ནས་མེད་པ་བཟོ་རྒྱུའི་ཐབས་ཤེས་གནང་རྒྱུ་ཁག་པོ་ཡིན་པ་སོགས་བྲིས་འདུག གྲོས་ཚོགས་དང་། བརྒྱུད་ལམ། བོད་མིའི་སྤྱི་ཚོགས་བཅས་ནས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་བྱ་དགོས་ཚུལ་བརྗོད་མཁན་མང་ནའང་། སྐད་ཡིག་སློབ་སྦྱོང་སྤྲོད་ཐབས་དང་། སྐད་ཡིག་སྦྱོང་བའི་དམིགས་ཡུལ་བེད་སྤྱོད་གཏོང་རྒྱུ་དང་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་མི་རྒན་པ་མང་པོས་བརྗེད་ཀྱི་མེད་དམ་སྙམ། དེ་ཡང་ཕྱོགས་གཅིག་ནས་ཕྲུ་གུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་བཏང་ནའང་། ཕ་མ་གཉིས་དབར་དང་། ནང་མིའི་དབར་ལ་བོད་སྐད་མི་བཤད་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ལས་བསྡོམས་ནང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་གལ་ཆེ་ཚུལ་མང་པོ་བཤད་བྲིས་བྱས་ནའང་། བོད་པར་གསལ་བསྒྲགས་དང་ཡིག་འབྲེལ་ཚང་མ་ཨིན་ཡིག་ཐོག་འབྲི་རྐྱང་བྱེད་པ་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པ་ཧ་ཅང་དཀོན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གོང་སྤེལ་གྱི་ལས་འགན་ཚང་མ་ཕྲུ་གུའི་ཐོག་ལ་གཡུག་པའི་རྣམ་པ་གསལ་པོ་བསྟན་པ་མ་ཟད། ཕ་མས་བོད་ཡིག་རྩ་བ་ནས་མ་བྲིས་པ་དང་། མ་ཀློག་པར་བརྟེན་ཕྲུ་གུའི་སེམས་ལ་བོད་ཡིག་སྦྱངས་ནས་དཔེ་ཆ་ཀློག་རྒྱུ་མ་གཏོགས་བེད་སྤྱོད་མེད་པར་བསམ་མཁན་དང་བརྗོད་མཁན་ཉུང་ཉུང་མ་རེད། དེ་བས་ཕ་མ་ཚོས་ཕྲུ་གུ་མཉམ་དུ་བོད་སྐད་བཤད་པ་དང་། བོད་ཡིག་གི་དཔེ་དེབ་ཀློག་ཐུབ་ན་ཕ་མ་བུ་ཕྲུག་ཚང་མ་མི་རིགས་བཅས་པར་ཕན་པའི་རླབས་ཆེན་བྱ་གཞག་ཁ་ཞེ་གཉིས་མེད་ཅིག་ཡིན་པ་གདོན་མི་བཟའོ། །

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༠/༠༣

Leave a Reply

One thought on “སྐད་ཡིག་གཉིས་པའི་དགོས་མཁོ།

  1. གཞུང་པ་ཚེ་དབང་བསོད་ནམས

    སྐད་ཡིག་དང་པོ་དེ་སོ་སོའི་ཕ་མེས་ནས་རྒྱུད་པའི་སྐད་ཡིག་ཡིན་ན་ཕ་མེས་ཀྱི་སྐད་ལ་དམིགས་བསལ་སྦྱོང་མི་
    དགོས་པར་ཨ་མའི་མངལ་ནས་སྐྱེས་པའི་ཉིན་མོ་ནས་རང་བཞིན་ལྷན་སྐྱེས་སུ་ཕ་མའི་སྐད་དེ་ཕྲུ་གུའི་རྒྱུད་ལ་
    འཇགས་ཡོད་པ་ནས་ཕྲུ་གུར་ཕ་མེས་ཀྱི་སྐ་དམིགས་སུ་བཀར་ནས་སློབ་འཁྲིད་མི་དགོས་པ་དང་ཕ་མེས་ཀྱི་ཡིག་
    གེ་དེ་ཕྲུ་གུ་སློབ་གྲར་བཏང་ནས་ཆེད་སྦྱོང་དགོས་པ་ནི་ཀ་མིག་གསུམ་བཅུ་ཤེས་ཙམ་གྱི་བོད་ཡིག་ཤེས་པར་ཆ་
    འཛིན་མ་གནང་བར་བོད་ཡིག་གི་ཕྲད་དང་རྣམ་དབྱེ་སྒྲ་དང་སྡེབས་སྦྱོར་སྙན་ངག་དང་སུམ་རྟགས་རྟགས་ཀྱི་
    འཇུག་པ་སོགས་བོད་ཡིག་གི་ནང་དོན་མཐའ་རྒྱ་མཚོའི་གཏིང་མཐའ་ལྟབུར་སོང་ལམ་སང་བློ་ལ་འཇགས་རྒྱུ་
    དཀའ་བས་ལོ་ནས་ལོ་དགེ་རྒན་ལ་གཏུགས་ནས་བོད་ཡིག་མཁས་པར་རྒྱུར་དགོས་པ་དང་སྐད་ཡིག་གཉིས་པ་
    དང་གསུམ་པ་བཞི་པ་ལ་སོགས་མི་སྒེར་གྱི་འཚོ་བ་དང་འབྲེལ་ཆེ་བའི་སྐད་ཡིག་ལ་སོང་མི་ཚང་མས་ཤེས་དགོས་
    པའི་སྐད་ཡིག་ཞིག་ཡིན་པའི་ངོས་འཛིིན་ནམ་ཡང་ཞུ་གི་མེད་ལ་རང་གི་ཕ་མེས་ནས་རྒྱུད་པའི་སྐད་ཡིག་མ་ཤེས་
    ན་རྐང་གཉིས་མི་བཞེས་སྨྲ་ཤེས་དོན་གོ་བའི་མིའི་མཚན་ཉིད་མ་ཚང་བ་གླེན་ལྐུག་རྐང་བཞི་བསམ་མེད་དུད་དང་
    གཉིས་སུ་མེད་པ་ནས་རང་གི་ཕ་མེས་ནས་རྒྱུད་པའི་སྐད་ཡིག་ལ་བོད་མི་ཚང་མས་ནམ་ཡང་མཐོང་ཆུང་བྱ་མི་ཉན་
    པ་ནི་རིགས་དང་བྲལ་ན་མི་མཛེས་ཏེ། ་ཀིམ་ཀུ་ཀ་ཡིས་མེ་ཏོག་འདྲ། ་ཟེར་བ་ལྟར་རང་གི་ཕ་མེས་ནས་རྒྱུད་པའི་སྐད་ཡིག་
    གི་ཐོག་སྐད་ཡིག་གཉིས་པ་གསུམ་པ་སོགས་ཇི་ཙམ་ཤེས་ཀྱང་གཡང་རྩེའི་ཁ་ལ་ཡར་མགྲོན་གྱི་དཔེ་ལྟར་མི་སོ་སོ་སྒེར་གྱི་འཚོ་
    བའི་མདུན་ལམ་ལ་ཕན་པ་སྒྲུབ་པའི་ལེགས་པའི་ཆ་ལ་སོང་དེ་ཡང་ཡོན་ཏན་གྱི་ཆ་ཤས་གཟི་བརྗིད་དང་ལྡན་པ་མི་
    ཀུན་གྱི་བསྔགས་པར་འོས་པའི་རླབས་ཆེན་གྱི་བྱ་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།