བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་།

ཚོགས་ཆེན་སྟེང་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་དང་བོད་མི་མང་གི་འབྲེལ་བ་ནམ་ཡང་བྲལ་ཐབས་མེད་པ་ལྟར་ཡང་སྲིད་མུ་མཐུད་ཕེབས་རྒྱུར་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པ་དེ་བོད་མི་ཚོའི་རྩ་ཆེ་བའི་འོས་འགན་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་གངས་སྐྱིད་བོད་ཁང་ཆེན་མོའི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་བཞིན། དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་དང་ལས་ཟུར། བཀའ་ཟུར་ཁག་ཅིག་དང་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ། གཞུང་ཞབས་སྲི་ཞུ་བ་དྲུང་ཆེ་དང་དྲུང་འཕར་རྣམ་པ། སྲི་ཞུ་ལས་བྱེད་སྡེ་ཚན་གཞན་ཁག་གི་སྐུ་ཚབ། རྒྱ་བལ་འབྲུག་གསུམ་གྱི་ས་གནས་མགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་སྐུ་ཚབ།  བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་སྐུ་ཚབ་རྣམ་པ། ས་འཐུས་མེད་པའི་ས་གནས་ཀྱི་སྐུ་ཚབ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ། ཕྱི་རྒྱལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པའི་སྐུ་ཚབ་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་རྒྱལ་ཁབ་ ༢༤ ཙམ་ནས་ཁྱོན་ཚོགས་བཅར་བ་ ༣༤༥ བཅས་མི་གྲངས་ ༤༠༠ ཙམ་ཡོད་འདུག

མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་འདི་བསྡུ་སྐོང་དགོས་དོན་གཙོ་བོ་ནི་བརྗོད་གཞི་དོན་ཚན་གཉིས་ཏེ། གཅིག བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་དང་། གཉིས། ྋརྒྱལ་དབང་ྋསྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར་བཅས་གཉིས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུའི་ཆེད་བསྡུ་སྐོང་གནང་བ་ཞིག་རེད། བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་ཐུགས་འགན་བཞེས་ཏེ་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་ལས་འཆར་འོག ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ། ༢༠༡༩ བཅས་སུ་ནང་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་མདུན་ལམ་གཏན་འབེབས་གནང་ཕྱོགས་ཀྱི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་རྡ་ས་ཁུལ་དུ་སྐོང་ཚོགས་དང་། ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ། བོད་མིའི་སྤྱི་ཚོགས་སྲ་བརྟན་ཚོགས་འདུ་སོགས་མདོ་དོན་བཀའ་ཤག་ནས་ད་བར་བོད་མིའི་ལྔ་དང་ལྔ་བཅུའི་འཆར་སྣང་ལས་འཆར་དང་འབྲེལ་བའི་ཚོགས་འདུ་སྔ་རྗེས་ཐེངས་བཞི་བསྡུ་སྐོང་གནང་ཡོད། འཛིན་སྐྱོང་བཀའ་ཤག་ནས་ཚོགས་འདུ་སོ་སོར་བརྗོད་གཞི་གཏན་འབེབ་གནང་ཡོད་པ་སོ་སོའི་ཐོག་ཚོགས་བཅར་བ་རྣམ་པའི་རྒྱབ་གཉེར་བསམ་འཆར་གང་བྱུང་བ་རྣམས་ཕྱོགས་བསྒྲིགས་གནང་ཡོད་པ་དེ་ཚོ་ཁོང་རྣམ་པའི་དགོངས་ཚུལ་ཁག་ཡིན་པ་དང་། ཚོགས་ཆེན་འདིའི་ཐོག་ས་གནས་སོ་སོ་ནས་ཕེབས་པའི་སྐུ་ཚབ་རྣམ་པ་བརྒྱུད་ཁྱབ་ཁོངས་རྒྱ་ཆེའི་བོད་མི་གཞི་རིམ་མང་ཚོགས་ཀྱི་དགོངས་འཆར་སླེབས་ཐུབ་དགོས་པ་དང་སྤུངས་དགོས་པ་ནི་གལ་ཆེའི་ནང་ནས་གལ་ཆེན་ཡིན་སྟབས། ས་གནས་ས་ཐོག་ཏུ་དངོས་སུ་ལག་བསྟར་བྱེད་མཁན་གཞི་རིམ་མང་ཚོགས་རྣམས་ཆགས་ཡོད་པས་ཁོང་ཚོའི་བསམ་འཆར་ག་ཚོད་མང་བ་བྱུང་ཡང་ལེགས་པའི་རང་བཞིན་ཡིན་པ་དང་། ས་གནས་མི་མང་གི་བསམ་འཆར་རྣམས་ཚོགས་ཆུང་སོ་སོའི་ནང་ཡིག་ངག་གཉིས་ནས་ཆད་ལུས་མེད་པར་ཞིབ་འགྲེལ་སྙན་གསན་ཞུ་དགོས་སྐོར་གསུངས་བྱུང་།

དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་གཉིས་པའི་སྐོར་ལ་ཁོང་གིས། བརྗོད་གཞི་གཉིས་པ་ནི་ྋརྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་ཞེས་པ་འདི་ཡིན་པ་དང་། སྔོན་གྱི་མདོ་ལུང་ཁག་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཡང་སྲིད་ངོས་འཛིན་སྐོར་གྱི་གསུང་འཕྲིན་དང་གསུམ་དུས་གསུང་འཕྲིན་ཁག་གཞིར་བཞག ངོས་ཀྱི་ཡང་སྲིད་དགོས་མིན་དེ་བོད་མི་མང་གིས་ཐག་གཅོད་བྱ་ངེས་ཡིན་ཞེས་བཀའ་ཕེབས་པ་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་ད་ལྟའི་ཆེད་གཉེར་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདིའི་ཐོག་མ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་གྱི་འགོ་སྟོད་ནས་བརྒྱུད་ཡོང་བའི་ལོ་རྒྱུས་རིང་བཞིན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་པ་ཞིག་ཡིན་པ་དང་། ད་རེས་རྒྱལ་ཡོངས་མི་མང་གི་ཚོགས་འདུ་ཆེན་མོ་འདི་ནས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་ཕེབས་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་དབར་གྱི་འབྲེལ་བ་ནི་མགོ་དང་མཇིང་པ་བཞིན་བྲལ་ཐབས་ཡེ་ནས་མེད་པ་ཞིག་ཡིན་པས་ཏཱ་ལའི་བླ་མའི་སྐུ་ཕྲེང་ན་རིམ་གྱི་ལམ་སྲོལ་འདི་ང་ཚོ་བོད་ལྗོངས་མི་མང་ལ་མུ་མཐུད་གནས་དགོས་པ་ཞིག་ཡིན་སྟབས། ྋརྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་སྐུ་དབང་ཡིན་པ་དང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ན་ལ་ཡོད་པ་ལས། གཞུང་དང༌། སྒྲིག་འཛུགས། སྒེར་སོགས་སུ་ལའང་མེད་པ་ནི་དེ་རིང་གོ་སྐབས་འདི་དང་བསྟུན་གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ཞུ་གི་ཡོད། དམིགས་བསལ་ཚོགས་ཆེན་ཐེངས་ ༣ པར་ཕེབས་པའི་ཚོགས་བཅར་བ་ཚང་མས་ཀྱང་བཅོས་མིན་བློ་སེམས་གཅིག་ཏུ་བསྒྲིམ་སྟེ་ཚོར་ཤུགས་ཆེན་པོས་ཐག་གཅོད་གཙང་མ་ཞིག་ཞུ་ཐུབ་པ་དགོས་རྒྱུ་ནན་བརྗོད་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་སྐབས། སྤྱིར་ལྔ་དང་ལྔ་བཅུའི་སྐོར་དེ་ཚང་མས་མཁྱེན་གསལ་ཡིན་ན་ཡང་། ཐོག་མར་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་ལས་གཞི་ཡོང་སྟངས་དེ་སྔ་བཀའ་བློན་ཁྲི་པའི་དམ་འབུལ་གནང་རྗེས་༧གོང་ས་མཆོག་གི་མདུན་དུ་བཅར་སྐབས། ༧གོང་ས་མཆོག་ནས་ད་ཁྱེད་རང་གིས་ང་མེད་པ་ནང་བཞིན་ལས་དོན་བྱེད་ཤོག་ཅེས་བཀའ་ཕེབས་པ་བཞིན། རང་ཉིད་ལ་ཤེས་འཇོན་མེད་ན་ཡང་གང་ཐུབ་ཀྱིས་གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་ག་རེ་གནང་དགོས་པའི་ཐད་བསམ་བློ་བཏང་སྟེ། འཕྲལ་ཕུགས་གཉིས་ལ་བསམ་བློ་བཏང་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་ལས་གཞི་དེ་གཏན་འབེབ་གནང་བ་དང་། ད་ལྟའི་ཆར་དགུང་ལོའི་ཆ་ནས་༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་རྒྱུ་དང་བོད་མིའི་གཞིས་ཆགས་ཁག་ལ་ཕེབས་རྒྱུ་ཇེ་ཉུང་དང་ཁག་པོ་ཆགས་བཞིན་ཡོད་ན་ཡང་། ༧གོང་ས་མཆོག་ནས་ཉིན་རེ་བཞིན་དུ་ཐུགས་བརྩེ་བ་ཆེན་མོའི་ངང་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ག་རེ་གནང་བཞིན་ཡོད་པ་དང་། མི་ལོ་ ༦༠ ལྷག་རིང་༧གོང་ས་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་གཙོའི་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་སོགས་གནད་དོན་ཚང་མར་གཟིགས་བཞིན་ཡོད་སྟབས། བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་འགྲོ་རྒྱུ་དང་། གཏམ་བཟང་བོ་ཞིག་ལས་དོན་ཡག་པོ་བྱས་པ་ཡིན་ན་༧གོང་ས་མཆོག་ཐུགས་སྤྲོ་བོ་ཡོང་བ་དང་། ཐུགས་སྤྲོ་བོ་ཡོང་བ་ཡིན་ན་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་ཕན་ཐོགས་ཡོད་པ་ལས། དེ་མིན་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་མི་འགྲིག་པ་རྐྱང་རྐྱང་བྱུང་བསྡད་པ་ཡིན་ན་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་ཡིན་དུས། ལྔ་དང་ལྔ་བཅུའི་འཆར་སྣང་དེ་འཕྲལ་ཕུགས་གཉིས་ལ་བསམ་བློ་བཏང་ནས་༧གོང་ས་མཆོག་གི་བཀའ་དགོངས་ནང་བཞིན་འགྲོ་དགོས་པ་དང་། ༧གོང་ས་མཆོག་ལ་བརྟན་བཞུགས་མང་པོ་ཕུལ་བཞིན་ཡོད་པ་ལྟར་བརྟན་བཞུགས་ཡག་ཤོས་དེ་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་སྒྲུབ་རྒྱུ་དང་། བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་རྒྱུ་གཙོའི་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཚགས་ཚུད་དུ་གཏོང་རྒྱུ་སོགས་ཡིན་སྟབས། ཚང་མས་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལས་གཞི་དེ་དོ་ནན་དང་ཡིད་གཟབ་ངང་ནས་ལག་བསྟར་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་ས་གནས་ཁག་ནས་མི་མང་པོ་ཞིག་ཕེབས་ཡོད་པ་ལྟར། རྣམ་པ་ཚོ་ས་གནས་རང་ནས་མི་མང་མཉམ་དུ་ལས་ཀ་བྱེད་མཁན་ཡིན་སྟབས། ལྔ་དང་ལྔ་བཅུའི་འཆར་སྣང་སྟེང་བསམ་ཚུལ་གསར་པ་ག་རེ་ཡོད་ན་སྤུངས་ཡོང་བ་དང་། བསམ་འཆར་དེ་དག་ཚོགས་ཆུང་ཁག་ནང་གྲོས་བསྡུར་གྱིས་གྲོས་ཆོད་བཞག་ཡོང་གི་ཡོད་དུས། བཀའ་ཤག་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་། དེ་སྔ་ཚོགས་ཆེན་ཁག་གི་ནང་གྲོས་ཆོད་བཞག་ཡོད་པ་བརྒྱ་ཆ་ ༩༠ ལག་བསྟར་བྱས་ཚར་ཡོད་སྐོར་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་ལ་ཁོང་གིས། ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་ངོས་ནས་ཐབས་བྱུས་ངན་པ་ཞིག་འཐེན་བཞིན་ཡོད་པ་མངོན་གསལ་ཡིན་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་དབུས་དང་ཞིང་ཆེན། ཁུལ་རྫོང་རིམ་པ་བྱས་ཏེ་སྤྲུལ་སྐུ་ངོས་འཛིན་བྱེད་ཐབས་ཀྱི་ཡིག་ཆ་ཨང་ ༥ པ་ཞེས་པ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། ཡིག་ཆ་དེ་གཞིར་བཞག་པའི་ཐོག་ནས་བོད་ནང་སྤྲུལ་སྐུ་ ༣༠༠ ལྷག་ཅིག་ངོས་འཛིན་བྱས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༤ ནང་ཙམ་ལ་སྤྲུལ་སྐུ་ ༨༠༠ ལྷག་ཅིག་ངོས་འཛིན་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༡ ནང་སྤྲུལ་སྐུ་ ༡༣༠༠ ལྷག་ཅིག་ངོས་འཛིན་བྱས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད། དེ་དག་ཚང་མ་ག་རེ་བྱེད་ཀྱི་ཡོད་པ་རེད་ཅེས་ན་རྒྱ་ནག་གཞུང་གིས་རྒྱལ་རབས་ལོ་རྒྱུས་དང་མཐུན་པའི་ངང་ནས་ཡང་སྲིད་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་བཞིན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ལ་ཡང་སྲིད་དང་འབྲེལ་བའི་སྐོར་ནས་བྱུས་གཏོགས་བྱེད་མི་ཆོག་པའི་བཀའ་གཏོང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་ད་ལྟ་ནས་བཀའ་བཏང་ནས་སྐད་ཆ་མང་པོ་ཞིག་བཤད་ཀྱི་ཡོད་སྟབས་མ་འོངས་པར་དེ་ལས་འཆར་གཞི་ངན་པ་ཞིག་ཡོད་པ་གསལ་བོ་རེད། དེར་བརྟེན་ནས་ཚོགས་ཆེན་འདི་བརྒྱུད་བོད་མི་ཚོའི་རེ་བ་དང་༧གོང་ས་སྐུ་ཕྲེང་ན་རིམ་དང་བོད་མིའི་འབྲེལ་བ་གཞིར་བཞག་སྐུ་ཕྲེང་ན་རིམ་མུ་མཐུད་ཕེབས་དགོས་པའི་ཐད་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པ་དང་། རྒྱུ་མཚན་སྤྱན་རས་གཟིགས་དང་བོད་ནམ་ཡང་ཁ་བྲལ་ཐབས་མེད་པ་དང་། ༧གོང་ས་མཆོག་སྐུ་ཕྲེང་ན་རིམ་དང་བོད་མིའི་འབྲེལ་བ་བྲལ་ཐབས་མེད་པ་ཞིག་རེད། ༧གོང་ས་སྐུ་ཕྲེང་ ༡༤ པའི་རླབས་ཆེན་གྱི་མཛད་འཕྲིན་དང་ཁོང་གི་བཀའ་དྲིན་ལས་ཆེ་བ་ཞིག་མེད་པས།  ༧གོང་ས་མཆོག་སྐུ་ཕྲེང་ན་རིམ་བར་གྱི་འབྲེལ་བ་དང་ཡང་སྲིད་མུ་མཐུད་ཕེབས་པར་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དེ་བོད་མི་ཚོའི་རྩ་ཆེ་བའི་འགན་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཉིན་གྲངས་ ༣ རིང་གི་ཚོགས་ཆེན་གྱི་ལས་རིམ་གཏན་འབེབ་གཞིར་བཟུང་། ཚོགས་བཅར་བ་ཡོངས་ཚོགས་ཆུང་ ༡༠ ཆ་བགོས་ཀྱིས་གཏན་འབེབ་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་བྱས་པ་བརྒྱུད། སང་ཉིན་ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོར་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་དང་། ཕྱི་ཚེས་ ༥ ཉིན་སྔ་དྲོར་སྤྱི་འཐུས་ཚོགས་གཙོ་དང་ཚོགས་ཆུང་ ༡༠ ཡི་ཚོགས་གཙོ་རྣམ་དང་དྲུང་ཆེ་རྣམ་མཉམ་འཛོམས་ཀྱིས་སྙན་ཐོ་ཁག་ཕྱོགས་བསྡོམས་དང་། ཉིན་གུང་རྒྱབ་ནས་མཐའ་མའི་རྒྱབ་གཉེར་སྙན་སྒྲོན་དང་འབྲེལ་གཏན་འབེབ་གནང་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༠༣

Leave a Reply

3 thoughts on “བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས

    ས་འཐུས་མེད་པའི་ས་འཐུས་ཀྱི་སྐུ་ཚབ་ཟེར་བའི་ཐ་སྙད་དེ་ག་འདྲ་རེད་
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་མི་ལོ་ཉི་ཤུ་ལ་ཉེ་
    བའི་སྐབས་འདིར་ས་འཐུས་མེད་པ་ག་འདྲ་ཡིན་ནམ་གལ་སྲིད་ས་འཐུས་མེད་
    པའི་ས་གནས་ལྷག་ཡོད་ན་ས་འཐུས་འཛུགས་ཐུབ་པའི་འགན་དེ་འབྲེལ་ཡོད་དབུས་
    བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལ་མེད་པ་ཡིན་ནམ་
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་ས་གནས་འཐུས་མིའི་སྒྲིག་འཛུགས་
    དེ་གལ་ཆེན་པོ་ཡིན་ན་ས་གནས་སོ་སོར་མི་མང་གི་འཐུས་མིའི་སྒྲིག་འཛུགས་ངེས་པར་
    འཛུགས་དགོས་པ་དེ་བཀའ་སྤྱི་གཉིས་ཀྱི་ཐུགས་འགན་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

  2. ལྔ་དང་ལྔ་བཅུ་ བོད་དོན་ ནར་རྒྱང་ བཏང་བ་མ་ཡིན་ནམ་ 🤔 སྲིད་སྐྱོང་དང་པོ་ ༧གོང་ས་མཆོག་བོད་ལ་གདན་ཞུ་ 😇 སྲིད་སྐྱོང་གཉིས་པ་ཡང་ཚར་རན་འདུག 😹 ལྔ་དང་ལྔ་བཅུ་དེ་ རྡ་རམ་ས་ལའི་ རྒྱ་གར་ Taxi བ་ལ་དང་། ཟ་ཁང་། ཚོང་ཁང་སོགས་ བསྐད་ཆ་བྱུང་བ་མ་རེད་པ་ ? ཡང་མེད་ན་ Himachal Tourism Centre དང་ Dharamshala ནས་ Mcleod བར་ Ropeway ཆེད་དུ་སྐད་ཆ་བྱུང་བ་མ་རེད་པ་ ? སྲིད་སྐྱོང་གི་ ལྔ་དང་ལྔ་བཅུ། མོ་རྡི་ (Modi) ཡིས་ ༧གོང་ས་མཆོག་ རྒྱ་དཔོན་ (ཞི་ཅིན་ ཕིན་) མཇལ་ཕྲད་བཀག་སྡོམ་ ✋ 🤪 ཡང་སྲིད་ལུགས་སྲོལ་དེ་ བོད་པ་མ་གཏོགས་ རྒྱ་ནག་མ་རེད། ད་ལྟ་རྒྱ་ནག་འགོ་ལ་སྡོད་མཁན་ཀླན་ལྐུག་ཚོའི་ ཡང་སྲིད་ཐེས་གཏོག་བྱེད་དུས་ རྒྱ་ནག་མི་མང་དྲན་པ་མཐོར་སྡད་ཡོད།