རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཅིག་ལ་གོ་གནས་ཕབ།

རྒྱ་ནག་དངུལ་འཛིན་རྟོག་ཞིབ་དོ་དམ་ལྷན་ཁང་གི་མགོ་འཁྲིད་ཟུར་པ་ལོའུ་ཧྲི་ཡུ་ཡིས་ལྐོག་རྔན་བླངས་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པའི་ཉེས་མིང་འོག་གོ་གནས་ཕབ་ཡོད་འདུགཁ་སང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། དབུས་དངུལ་འཛིན་རྟོག་ཞིབ་དོ་དམ་ལྷན་ཁང་གི་མགོ་འཁྲིད་ཟུར་པ་ལོའུ་ཧྲི་ཡུ་ (Liu Shiyu) ཡིས། གོ་ཐོབ་ལོག་སྤྱོད་བྱས་ཏེ་ལྐོག་རྔན་ལེན་པ་དང་སྒེར་གྱི་ཁེ་ཕན་བསྒྲུབས་པ། ཁྲིམས་འགལ་ཐོག་ལས་བྱེད་འདེམས་བསྐོ་དང་གཉེན་ཉེ་ལ་རྒྱུ་དངོས་ཀྱིས་རོགས་རམ་བྱས་པ། སྤྱི་མང་ཁྲོད་ཚུལ་མཐུན་མིན་པའི་གཏམ་བརྗོད་སྤེལ་བ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་ཐད་བརྟན་པོ་མེད་པ་དང་། རྒྱལ་ཁབ་ཀྱི་གཏན་འབེབ་སྲིད་བྱུས་ལག་བསྟར་གྱི་ནུས་པ་ཞན་པ་སོགས་ཀྱི་ཉེས་མིང་འོག སྲིད་དོན་མགོ་འཁྲིད་ཀྱི་སྡེ་ཁག་ནས་ལས་བྱེད་དཀྱུས་མའི་ལས་གནས་སུ་གོ་གནས་ཕབ་པ་དང་། དམར་ཤོག་ཚོགས་པའི་ཁོངས་སུ་འཇོག་པར་ལོ་གཉིས་རིང་ལྟ་ཞིབ་བྱ་རྒྱུ་ཡིན་འདུག

ལོའུ་ཧྲི་ཡུ་ (Liu Shiyu) ནི་རྒྱ་ནག་གི་ཅང་སུའུ་ཞིང་ཆེན་ (Jiangsu) དུ་སྐྱེས་ཤིང་ད་ལྟ་རང་ལོ་ ༥༨ ཙམ་ཡིན་འདུག ཕྱི་ལོ་༢༠༡༤ ནས་ལོ་གཉིས་རིང་རྒྱ་ནག་ཞིང་ལས་དངུལ་ཁང་གི་འགན་འཛིན་བྱས་རྗེས། རྒྱ་ནག་དབུས་དངུལ་འཛིན་རྟོག་ཞིབ་དོ་དམ་ལྷན་ཁང་གི་མགོ་གཙོ་ལོ་གཉིས་རིང་བྱས། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་གི་མཁོ་སྤྲོད་དང་ཁྲོམ་རའི་སྐྱིད་སྡུག་ཡོངས་ཀྱི་མཉམ་འབྲེལ་ (All China Federation of Supply and Marketing Cooperatives) གྱི་ཚོགས་གཙོ་གཞོན་པའི་ལས་གནས་འཁུར་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་དབུས་སྒྲིག་ཁྲིམས་རྟོག་ཞིབ་ཁང་གིས་ལོའུ་ཧྲི་ཡུ་ཡིས་ཁྲིམས་འགལ་སྒྲིག་འགལ་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་སྐོར་བསྒྲགས།

རྒྱ་ནག་གི་ཚའེ་ཇིན་དུས་དེབ་ (Caijing) སྟེང་། ལོའུ་ཧྲི་ཡུ་ཡིས་ལྐོག་ཟ་དང་དབང་ཆ་སྒེར་སྤྱོད་བྱས་པའི་གཙོ་བོ་གཅིག་ནི། ཁོ་སྐྱེས་སའི་ཞིང་ཆེན་གྱི་ཅང་སུའུ་དངུལ་ཁང་གིས་ལོ་ངོ་ ༦ རིང་ཁྲོམ་ར་བརྗེ་བསྒྱུར་གྱི་ཁེ་དབང་ (Initial Public Offering) ལག་འཁྱེར་ཆེད་སྙན་ཞུ་བརྒྱབས་པར། དངུལ་ཁང་གི་སྤྱིའི་ལས་དོན་ཚགས་ཚུད་མེད་པ་ལ་བརྟེན་ནས་རག་མེད་ནའང་། ཕྱི་ལོ་ ༢༠༡༨ ལོར་ཁོས་ཞིང་ཆེན་དངུལ་ཁང་དེར་ལག་འཁྱེར་སྤྲད་ཡོད་པ་མ་ཟད། ཞིང་ཆེན་དེའི་དངུལ་ཁང་ཆུང་བ་གཞན་ ༥ ལའང་ལག་འཁྱེར་དེ་སྤྲད་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༠༥

Leave a Reply