དཀའ་ངལ་ག་ཚོད་བྱུང་ཡང་བོད་མི་ཚོས་འཚེ་བ་མེད་པ་དམ་བཅའ་བརྟན་པོས་སྲུང་ཡོད།

ད་ལྟ་བར་བོད་མི་གྲངས་ ༡༥༠ ལྷག་གིས་གཞན་ལ་གནོད་མ་བསྐྱལ་བར་རང་ལུས་མེར་སྲེག་བཏང་ཡོད་པ་སོགས་བོད་མི་ཚོ་འཚེ་བ་མེད་པའི་སྒང་ལ་འགྲོ་བསྡད་ཡོད་སྐོར་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་༡༡༢༧ གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ ༦༡ གི་དད་ལྡན་དོན་གཉེར་ཅན་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཆོས་ཞུ་བ་ ༧༥༠༠ ལྷག་ལ་ཉིན་གྲངས་ ༣ རིང་གི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་ལེགས་པར་གྲུབ་པ་དང་འབྲེལ་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོའི་རྗེས་གནང་བསྩལ།

གསུང་ཆོས་ཀྱི་མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ལ་ནམ་རྒྱུན་ལས་འགན་གསུམ་བཞི་ཞིག་ཡོད་པ་རེད། ལས་འགན་དང་པོ་དེ་ངོས་རང་འཛམ་གླིང་གི་མི་འབོར་དུང་ཕྱུར་ ༧༠ ཡོད་པའི་ཁྲོད་ཀྱི་མི་གཅིག་རེད། མི་གྲངས་དུང་ཕྱུར་ ༧༠ ཀླད་པའི་འགྲོ་སྟངས་དང་བསལ་བློ་གཏོང་བའི་ནུས་པ་ཡོད་པ་གཅིག་མཚུངས་རེད།ཚན་རིག་པ་ཚོས་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་སྟབས། ཆུང་ཆུང་སྐབས་ནས་བྱམས་བརྩེའི་ནུས་པ་ཡོད་པ་རེད་ལ། མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་དང་ལྡན་པ་ཞིག་རེད་ཅེས་བཤད་བསྡད་ཡོད་པ་དང་། ང་ཚོས་ཤེས་ཡོན་གྱི་ཐོག་ནས་བྱམས་བརྩེ་ངེས་པར་དུ་སྤེལ་དགོས་ཀྱི་འདུག དེང་རབས་ཤེས་ཡོན་ཁྲོད་དུ་ཕྱི་དངོས་པོ་ཡར་རྒྱས་གཏོང་བ་ལས་ནང་བསམ་བློ་ཡར་རྒྱས་སེམས་ཞི་བདེ་བསྐྲུན་རྒྱུ་གང་ཡང་མེད་དུས། རྒྱ་གར་ལ་གནའ་རབས་ནས་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཀྱི་རིག་གནས་དེ་ཡོད་པ་ཡིན་དུས། ངོས་ཀྱིས་འཛམ་གླིང་འདིར་ཆོས་ལ་དད་པ་ཡོད་མཁན་དང་མེད་མཁན་ག་རེ་ཡིན་ཡང་། འཛམ་གླིང་གི་མི་དུང་ཕྱུར་ ༧༠ དེ་དག་བྱམས་བརྩེ་དང་ལྡན་པ་ཞིག་ཡོང་ཐབས་དགོས་རྒྱུ་དེ་ངོས་ཀྱི་ལས་འགན་ཡིན།ལས་འགན་རིམ་པ་གཉིས་པ་དེ་ངོས་རང་ནང་པ་སངས་རྒྱས་པ་ཞིག་ཡིན་པ་དང་། འཛམ་གླིང་གི་ཆོས་ལུགས་ཁག་མཐུན་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཆོས་ལུགས་ཚང་མར་གྲུབ་མཐའ་མི་འདྲ་བ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་། སྐྱེས་བ་སྔ་ཕྱི་འདོད་མཁན་དང་མི་འདོད་མཁན་འདྲ་མི་འདྲ་ཡོད་པ་དང་། དེ་དག་གི་ལྟ་གྲུབ་མི་འདྲ་ན་ཡང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་དམིགས་ཡུལ་གཅིག་པ་ཆགས་ཡོད་པ་རེད། ལྟ་གྲུབ་མི་འདྲ་བ་དེ་དག་གང་ཟག་བྱེ་བྲག་པ་སོ་སོའི་ཁམས་དང་བསྟུན་ནས་ཕན་ཐོགས་ཡོང་གི་ཡོད་ན་ཡང་། རྩ་བའི་དམིགས་ཡུལ་གཅིག་པ་ཡིན་དུས་ཆོས་ལུགས་ཚང་མ་འཆམ་མཐུན་ཡོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། ཁྱེད་རང་ཚོའི་སེམས་ལ་དེ་བཟུང་དགོས་པ་དང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ང་དང་ཁྱོད་ཅེས་ནམ་ཡང་མ་ལབ་རོགས། ཆོས་ལུགས་ཁག་འཆམ་མཐུན་ཡོང་རྒྱུ་དེ་ངོས་ཀྱི་ལས་འགན་གཉིས་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད། ངོས་རང་བོད་པ་རེད་ལ་ཏཱ་ལའི་བླ་མའི་མིང་ཞིག་ཀྱང་ཡོད་པ་རེད། བོད་ནང་ལ་ཆ་བཞག་ན། བོད་མི་ས་ཡ་དྲུག་བདུན་ཞིག་ཡོད་པ་དེ་དག་གིས་ངོས་ལ་བློ་གཏད་ནས་ཡོད་པ་རེད། དེ་བཞིན་རང་དབང་ལུང་པའི་ནང་གི་བོད་མི་ཚོས་ངོས་ལ་བློ་གཏད་བཅོལ་ནས་ཡོད་པ་རེད། དེ་འདྲ་སོང་ཙང་ངོས་ལ་བོད་དོན་ཐད་ནས་འགན་ཞིག་ཡོད་པ་རེད། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་དེ་ཕྱི་ལོ་ ༢༠༡༡ ལོ་ནས་མཚམས་བཞག་སྟེ་ད་ལྟ་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཆབ་སྲིད་དབུ་འཁྲིད་ཀྱིས་འགན་འཁུར་བཞིན་ཡོད་པ་རེད། ཆབ་སྲིད་ཀྱི་ལས་འགན་བཞག་ཚར་ན་ཡང་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཁོར་ཡུག་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། རྒྱ་གར་གྱི་མཁས་པ་དེ་འདྲས་ངོས་ལ་བོད་ཀྱི་ས་མཐོ་བོ་དང་སྐམ་པོ་ཡིན་སྟབས། ཁོར་ཡུག་ལ་སྐྱོན་ཞིག་ཤོར་བ་ཡིན་ན་སླར་གསོ་བྱ་རྒྱུར་དུས་ཡུན་རིང་བོ་འགོར་གྱི་རེད་ཅེས་བཤད་སོང་། བོད་ནང་གཏེར་ཁ་བསྔོག་རྒྱུ་སོགས་བྱེད་བཞིན་ཡོད་ཀྱང་ཁོར་ཡུག་ལ་མི་གནོད་པ་ཞིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་རིམ་པ་གཉིས་པ་བོད་ཀྱི་ཤེས་ཡོན་དེ་གལ་ཆེན་པོ་ཞེ་དྲག་རེད། དུས་རབས་ ༨ ནང་མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲ་ནས་བསྣམས་ཕེབས་ཡོང་བའི་རིག་གཞུང་དེར་བོད་པས་བདག་པོ་ཡག་པོ་ཞིག་བརྒྱབས་ཡོད་པ་རེད།ཤེས་ཡོན་དེ་དེ་རིང་ཁ་སང་འཛམ་གླིང་སྤྱི་ལ་ཕན་ཐོགས་ཆེན་པོ་ཡོད་བསྡད་པ་ཞིག་ཡིན་སྟབས། དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་ངོས་ཀྱི་འགན་ཞིག་ཆགས་ཡོད་པ་རེད།ཅེས་གསུངས་སོང་།བོད་ཀྱི་སྐད་ཡིག་དེ་ནང་པ་ཚོར་ཧ་ཅང་གལ་ཆེན་ཡིན་སྐོར་ལ་༧གོང་ས་མཆོག་གིས། དེང་སང་རྒྱ་ནག་གི་མགོ་འཁྲིད་ཀླད་པ་གུ་དོགས་པོ་དེ་འདྲས་བོད་ཀྱི་སྐད་ཡིག་བོད་མིའི་ངོ་བོ་མཚོན་བྱེད་ཅིག་ཡིན་སྟབས། དེ་ཁ་བྲལ་ལ་འགྲོ་བར་ཉེན་ཁ་འདུག་བསམ་ནས་བོད་ཡིག་ལ་དམ་དྲག་བྱེད་བཞིན་ཡོད་པ་རེད། གནད་དོན་དེ་དག་བསམ་བློ་གུ་དོགས་དྲགས་པ་དང་བློ་རྒྱ་ཆུང་དྲགས་པ་ཞིག་རེད། བོད་པའི་སྐད་ཡིག་དང་སྐད་ཡིག་དེའི་ནང་དུ་ཡོད་བསྡད་པའི་ཤེས་ཡོན་ལ་བདག་པོ་ཡག་པོ་ཞིག་རྒྱག་དགོས་པ་དང་། ངོས་ཀྱི་ལས་འགན་ཆེ་ཤོས་དེ་བོད་ཀྱི་ནཱ་ལེནྡྲ་ནས་བརྒྱུད་པའི་ཤེས་ཡོན་དེར་བདག་པོ་བྱ་རྒྱུ་དེ་ཆགས་ཡོད་པ་དང། ཁྱེད་རང་ཚོ་ཐའེ་ཝན་ནས་ཕེབས་མཁན་ཚོར་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་རྒྱ་རིགས་གྲོགས་པོ་དང་འབྲེལ་བ་ཡོད་ས་ཏན་ཏན་ཡོད་པ་རེད་ལ། ཁྱེད་རང་ཚོས་ཁོ་ཚོར་བོད་པའི་སྐད་ཡིག་དེ་ཧ་ཅང་རླབས་ཆེན་པོ་ཡིན་པ་དང། ནང་ཆོས་འགྲེལ་བཤད་རྒྱག་རྒྱུར་སྐད་ཡིག་ཡག་ཤོས་རེད་འདུག དེ་དག་གང་ཐུབ་ཐུབ་ཀྱིས་ཕར་གསལ་བཤད་བྱེད་རྒྱུ་དེ་འོས་འགན་ཡིན་སྐོར་གསུངས་སོང་།

མཇུག་ཏུ་བོད་རྒྱའི་གནད་དོན་སྐོར་གསུངས་སྐབས། བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་ཧ་ལས་པའི་སེམས་ཤུགས་ཆེན་པོ་ཡིན་པ་དང་། དཀའ་ངལ་ག་ཚད་ཆེན་པོ་བྱུང་ན་ཡང་བོད་པ་ཚོ་འཚེ་བ་མེད་པའི་སྒང་ལ་འགྲོ་བསྡད་ཡོད་པ་རེད། བར་སྐབས་ལོ་ཤས་རིང་བོད་མིས་རང་ལུས་མེར་སྲེག་བཏང་ནས་རང་ཤི་རྒྱག་མཁན་མང་ཐག་ཆོད་ཅིག་བྱུང་སོང་བ་རེད། སོ་སོའི་སྲོག་བློས་གཏོང་ཐུབ་མཁན་ཞིག་གིས་མི་གཞན་ཕ་རོལ་པོར་གནོད་པ་སྐྱེལ་ཐུབ་པ་ཞིག་རེད། ཡིན་ན་ཡང་། མི་ལ་གནོད་མ་སྐྱེལ་བར་རང་ལུས་མེར་སྲེག་གཏོང་གི་ཡོད་པ་རེད། ད་ལྟ་བར་མི་གྲངས་ ༡༥༠ ནང་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་རེད། སྙིང་རྗེ། དེ་དག་ལ་སེམས་ཤུགས་ཧ་ལས་པ་ཡོད་ན་ཡང་འཚེ་བ་མེད་པ་ཟེར་བ་དེ་དམ་བཅའ་བརྟན་པོར་ཉར་ནས་མི་ལ་འཚེ་བ་ཁྱོན་ནས་བྱས་མེད་པ་རེད། ཆབ་སྲིད་ཐད་ནས་ངོས་ཀྱིས་ཕྱི་ལོ་ ༡༩༧༤ ལོ་ ནས་ང་ཚོས་རང་བཙན་རྩོད་ཀྱི་མེད། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ནང་དུ་བསྡད་ཀྱི་ཡིན་ཞེས་བཤད་པ་ཡིན་ལ། ང་ཚོས་དེ་ལྟར་ལས་ཀ་བྱས་བསྡད་ཡོད་པ་རེད། རྒྱ་ནག་མཉམ་དུ་བསྡད་པ་ཡིན་ན་ང་ཚོར་དཔལ་འབྱོར་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་པ་དང་། རྒྱ་ནག་ནང་དུ་ནང་པ་ཕོན་ཆེན་པོ་ཞེ་དྲག་ཡོད་པ་དེ་དག་ལ་ང་ཚོས་ཕན་ཐོགས་བྱེད་ཐུབ་པ་དང་། དེ་གཉིས་ཀ་གཅིག་ཕན་གཅིག་གྲོགས་ཡིན་པ་དང་། བོད་རྒྱ་གཉིས་དངོས་ནས་དྲང་གནས་གཅིག་གིས་གཅིག་ལ་གུས་བརྩི་ཡོད་པ་ཞིག་བྱུང་བ་ཡིན་ན་མི་གྲངས་དུང་ཕྱུར་གཅིག་ལྷག་ཅིག་ལ་ཕན་ཐོགས་བྱུང་གི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༠༥

Leave a Reply

One thought on “དཀའ་ངལ་ག་ཚོད་བྱུང་ཡང་བོད་མི་ཚོས་འཚེ་བ་མེད་པ་དམ་བཅའ་བརྟན་པོས་སྲུང་ཡོད།

  1. བསོད་ནམས་རྒྱལ་མཚན།

    ཝཻ། ངེད་ཅག་བོད་པ་ཚང་། མ་འོང་པ་ ལྔ་དང་ལྔ་བཅུ་ ཀྱང་ཡོང་གི་རེད་པས་ དཔེར་ན་རྒྱ་གར་གྱིས་དཔོན་ཟུར་དང་མཁས་དབང་ཚོའི་་་ ༧གོང་ས་མཆོག་ལ་སློབ་སྟོན་ཡིན་དོག་དོག་ ཁོར་ཡུག་སྲུང་སྐྱོབ་དཀའ་རྙོག་གིས་ཁད་ཉེས་བོད་པའི་ཐོག་ལ་ཚུར་བཀལ་གྱི་འདུག་ག དོན་ངོ་ཐོག་ རྒྱ་དམར་གྱི་ དྲག་པོའི་ཐོག་ནས་༧གོང་ས་མཆོག་ལ་ཕར་རྒོལ་བྱེད། རྒྱ་གར་གྱི་ ཞི་འཇམ་ཐོག་ནས་༧གོང་ས་མཆོག་ལ་ཕར་རྒོལ་བྱེད་པ་མ་རེད་པས་ ? ཕར་རྒོལ་ཡིན་པ་གཅིག་པ། གཅིག་རྩུབ་པོ་དང་། གཅིག་འཇམ་པོ། 😂 ཁོར་ཡུག་དཀའ་རྙོག་དེ་ཐུག་ས་ག་པ་རེད་ ? བོད་རྒྱ་ཡིས་ཆ་ཤས། གྲོས་མཐུན་དོན་ཚན་ལྔ། Panch Sheel Agreements, Indo-China Border, Chini Hindi Bhai Bhai ད་དུང་ Indonesia ནང་དོན་ཚན་གསུམ། འོ་ཡ་ ཁོ་རང་ཚོ་གོ་ལོག་གཙིགས་བཞག་པ་འདི་གེ་དེ་ཕར་སྦེད། ད་དུང་ང་ཚོའི་བོད་པའི་ཐོག་ལ་ཚུར་གཡུག་ཡོང་གི་འདུག་ག རྒྱ་གར་གྱི་དཔོན་ཟུར་སུ་ཡིན་རུང་མཁས་དབང་སུ་ཡིནརུང་ ཁོང་ཚོའི་སླབ་བྱ་ཚང་མ་ ཁོ་རང་ཚོ་ལ་ཕན་པས་སླབ་བྱ་ཤ་བཏགས་བྱས། ངེད་ཅག་བོད་པ་འདི་ག་སེ་ལྐུག་པ་རང་ད་ཨེ་ཡིན་ ? 🤔 བོད་པ་ལ་ཐུགས་རྗེ་ཆེ་ཕར་ཞོག འདི་ག་སེ་མཐོང་ཆུང་བྱེད་ཀྱི་འདུག་ག དཔེར་ན་ དང་པོ་ Dharmsala ཟེར་དུས་མི་མེད་ལུང་སྟོང་ མི་ད་ཕར་ཞོག་ དྲེ་ཡང་གནད་ཀྱི་ཨ་ཡོད་བསམ་བསམ་ ལུང་པ་དེ་ ད་ཆ་༧ཁོང་གིས་བཀའ་དྲིན་ལ་ མངའ་སྡེ་དེ་ ཕྱི་རྒྱལ་གསུང་ཆོས་བ་དང་ Tourism ལྟེ་གནས་ཆགས་སྡད་ཡོད། འདི་མ་ཚད་༧ཁོང་གིས་རྒྱ་གར་སློབ་གྲྭ་ཁག་དང་ཚོགས་པ་ཁག་ལ་རོག་དངུལ་ག་ཚད་གནང་ཡོད། ཁོང་གི་རོག་དངུལ་འདི་ག་སེ་གནང་པ་རེད་ཟེར་ནས་ རྒྱ་གར་ཚག་པར་དང་བརྙན་འཕྲིན་ནང་ ཁྱེད་རྣམ་པའི་མཐོང་མྱོང་ངམ་ ? བརྒྱ་བཤད་ན་རེད་སྟོང་བཤད་ན་རེད་ ༧ཁོང་སྐུ་ཚོར་མ་བཞུགས་པ་ཡིན་ན་ ལྔ་དང་ལྔ་བཅུ་ Senge is King or Senge is …… ? 🤔 ཁོ་རང་ཚོ་སེམས་ཁྲལ་མེད་པ་འདྲ་པོ་རེད། ཕུར་ཡ་ཤོག་པ་མགར་ཚར་པ་རེད། ཁྱེད་མཁས་དབང་རྣམ་པ་ཚོ་ གུས་ལ་སེམས་གསོ་ཞིག་གནང་རོག །།