བོད་རིགས་གཞས་མ་ཞིག་ལ་ཨང་གཉིས་པའི་རྒྱལ་ཁ་ཐོབ།

ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་གླུ་གཞས་འགྲན་ཚོགས་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་རྟིང་རྩོད་ཁྲོད་བོད་རིགས་གཞོན་ནུ་མ་བསྟན་མ་མཚོ་ལགས་སུ་ཨང་གཉིས་པའི་བྱ་དགའ་ཐོབ།ཁ་སང་དགོང་མོར་རྒྱ་ནག་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་ར་བའི་ནང་། ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་རྒྱལ་ཡོངས་རང་བཞིན་གྱི་གླུ་གཞས་འགྲན་ཚོགས་ཀྱི་རྟིང་རྩོད་ཁྲོད། ཨང་དང་པོ་རྒྱ་རིགས་ན་གཞོན་གཞས་མ་ ཤིན་ཧེན་མིན་ (邢晗铭)ལ་ཐོབ་སོང་བ་དང་། ཨང་གཉིས་པ་བོད་རིགས་ན་གཞོན་གཞས་མ་བསྟན་མ་མཚོ་ལགས་ལ་ཐོབ་སོང་། འདི་ལོའི་འགྲན་སྡུར་དེ་ཕྱི་ཟླ་ ༧ ཚེས་ ༡༩ ནས་མགོ་འཛུགས་ཀྱིས་ཁ་སང་མཇུག་བསྡུས་ཡོད་པ་དང་། ད་ལོའི་འགྲན་སྡུར་ནང་བོད་རིགས་གཞོན་ནུ་མ་ ༣ མཉམ་ཞུགས་བྱས་འདུགམཐའ་མའི་རྟིང་རྩོད་འགྲན་བསྡུར་སྐབས་གཞས་མ་བསྟན་མ་མཚོ་ལགས་ཀྱིས་སྐར་མ་གཅིག་གི་མཚན་མོ་ (一颗星的夜) ཞེས་པའི་གླུ་གཞས་བླངས་ཏེ་བླངས་སོང་བ་དང་། ཁོ་མོའི་སློབ་སྟོན་མ་རྒྱ་ནག་གི་གཞས་མ་སྐད་གྲགས་ཅན་ནཱ་ཡེན་ (那英) ལགས་ཀྱིས། བསྟན་མ་མཚོའི་དེང་སྐབས་གཞོན་སྐྱེས་ཚོས་ཆེས་དགའ་མོས་བྱེད་ས་དང་ཆེས་ནུས་ཤུགས་ལྡན་པའི་སྐད་ངག་ཐུན་མོང་མ་ཡིན་པ་དེར་མོ་རང་ཧ་ཅང་དགའ་མོས་བྱུང་ལ། རང་ལོ་ ༡༩ སོན་ཙམ་གྱི་ན་ཆུང་མ་ཞིག་ལ་གླུ་གར་གྱི་སྡིངས་ཆ་རླབས་ཆེན་འདི་ལྟ་བུ་ཞིག་ཏུ་རང་ཉིད་ཀྱི་མཛེས་པ་ཡོད་ཚད་མངོན་ཏེ། གླུ་གཞས་ལེན་པའི་གོ་སྐབས་བྱུང་བ་ནི་ཁོ་མོ་རང་ལས་ཀྱང་བརྒལ་བ་ཞིག་ཡིན་སྐོར་གྱི་བསྔགས་བརྗོད་བྱས་སོང་།གཞས་མ་བསྟན་མ་མཚོ་ལགས་ནི་བོད་རྒྱལ་མོ་ཚ་བ་རོང་བཙན་ལྷ་རྫོང་ནས་ཡིན་པ་དང་། མོས་ད་ལྟ་སི་ཁྲོན་ཁྲིན་ཏུ་རོལ་མོའི་སློབ་གླིང་དུ་ (四川音乐学院) སློབ་གཉེར་བྱེད་བཞིན་ཡོད་འདུག གཞན་སྐུ་སྐད་འགྲན་བསྡུར་ཁྲོད་བོད་རིགས་བུ་མོ་གཉིས་ཞུགས་ཡོད་པ་ལས། བསྟན་འཛིན་སྒྲོལ་དཀར་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་ས་རུ་འཚར་ལོངས་བྱུང་ཞིང་རང་ལོ་ ༢༤ ཡིན་པ་དང་། དེ་བཞིན་བུ་མོ་སྒྲོལ་མ་གཡང་མཚོ་ནི་བོད་དཀར་མཛེས་ནས་ཡིན་ཞིང་རང་ལོ་ ༡༩ ཡིན་འདུགརྒྱ་ནག་གི་གླུ་སྐད་སྙན་མོ་ཞེས་པའི་འགྲན་བསྡུར་སྟེང་བོད་རིགས་ན་གཞོན་གཞས་པ་ཁག་ཅིག་གིས་བསྟུན་མར་ཨང་དང་པོ་དང་གཉིས་པ་སོགས་བླངས་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོའི་ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་སྡུར་གྱི་རྟིང་རྩོད་ཁྲོད་ཕ་ཡུལ་བོད་གཞིས་ཀ་རྩེ་ནས་ཡིན་པའི་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ལ་ཨང་དང་པོ་ཐོབ་ཡོད་པ་དང་། འདས་ལོར་བོད་མཚོ་སྔོན་ཕྱོགས་ནས་ཡིན་པའི་གཞས་པ་བསྟན་འཛིན་ཉི་མ་ལགས་ཀྱིས་ཨང་དང་པོ་དང་། འབྲུག་བྱམས་ཚེ་རིང་ལགས་ཀྱིས་ཨང་ ༥ པ་བླངས་ཏེ། རྒྱ་རིགས་མང་ཚོགས་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ངག་གི་ཁྱད་ཆོས་མངོན་པར་བྱས་ཡོད་པ་མ་ཟད། རྒྱ་རིགས་མང་ཚོགས་ཀྱིས་བོད་རིགས་ན་གཞོན་ཚོའི་གླུ་ངག་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

མཆན། ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་འགྲན་ཚོགས་ཁྲོད་བསྟན་མ་མཚོ་ལགས་ཀྱི་མིང་ལ་རྒྱ་སྐད་ཀྱིས་ (斯丹曼簇) ཞེས་བྲིས་འདུག་ལ།   དྲྭ་ལམ་ཁག་ནས་མོའི་བོད་མིང་ལ་གསེར་ལྡན་སྨན་མཚོ་དང་གསེར་ལྡན་མེ་མཚོ། སྲིད་བསྟན་སྨན་མཚོ་དང་གསེར་ལྡན་སྨན་མཚོ། བསྟན་མ་མཚོ་སོགས་འདྲ་མིན་སྤྱོད་ཀྱི་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply