ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན།

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་སྦེལ་དངོས་ཁམས་ཚན་རིག་པ་དང་ནོ་སྦེལ་སྨན་བཅོས་རིག་པའི་གཟེངས་རྟགས་ཐོབ་མཁན་གྱི་མཚན་གཞུང་གསལ་བསྒྲགས་གནང་འདུགདེ་རིང་སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ཧོམ་དུ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། འདི་ལོའི་ནོ་སྦེལ་དངོས་ཁམས་ཚན་རིག་པའི་གཟེངས་རྟགས་དེ་འཇིག་རྟེག་ཆགས་རབས་དང་། རྒྱུ་སྐར་གསར་པ་ཞིག་གསར་རྙེད་བྱུང་བའི་ཐད་ལ་ཕྱག་ལས་གནང་མཁན་སི་ཝེ་ཌན་གྱི་པི་རིན་སི་ཊོན་གཙུག་ལག་སློབ་གྲྭའི་སློབ་དཔོན་ཇེམ་སི་པི་བྷལ་ (James Peebles) དང་། སྐར་རྩིས་དངོས་ཁམས་རིང་པ་བ་མེ་ཁལ་མེ་ཡོར་ (Michel Mayor)། གནམ་རིག་སྐར་དཔྱད་པ་ཌི་ཌར་ཁྱུ་ལོ་ཛི་(Didier Queloz) བཅས་གསུམ་ལ་སྤྲོད་གཏན་འཁེལ་བ་གསལ་བསྒྲགས་བྱས་འདུག

འདི་ལོའི་ནོ་སྦེལ་དངོས་ཁམས་ཚན་རིག་པའི་གཟེངས་རྟགས་ཐོབ་མཁན་རྣམ་པ་གསུམ་གྱི་ཕྱག་ལས་ཐད་ཨ་རིའི་དངོས་ཁམས་ཚན་རིག་ལྟེ་གནས་ཁང་གི་ལག་བསྟར་འགན་འཛིན་མེ་ཁལ་མོ་ལོ་ཎི་ (Michael Moloney) ཡིས། འཇིག་རྟེན་གྱི་གཞི་རྩའི་རང་བཞིན་གསར་རྙེད་དང་། ཐག་རིང་གི་ཉི་མའི་ཁྱིམ་རྒྱུད་ནང་རྒྱུ་སྐར་གསར་པ་ཞིག་གསར་རྙེད་བྱུང་བ་དེས། སྣང་སྲིད་རིག་པ་(Cosmology)དང་ཉི་མའི་ཁྱིམ་བརྒྱུད་ཕྱི་རོལ་གྱི་རྒྱུ་སྐར་ལ་ཞིབ་འཇུག་བྱ་ཡུལ་གསར་པ་བསྐྲུན་ཐུབ་ཡོད། ཅེས་བརྗོད་འདུག

དེ་ཡང་སློབ་དཔོན་ཇེམ་སི་པི་བྷལ་ལགས་ཀྱིས་འཇིག་རྟེན་གྱི་ཆགས་རབས་དང་། སྣང་སྲིད་ཁྲོད་དུ་འཛམ་གླིང་གི་གནས་བབ་ཇི་ཡིན་ཐད་ཞིབ་འཇུག་བྱས་པའི་ངོས་འཛིན་ཐོག་གཟེངས་རྟགས་ཀྱི་རིན་འབབ་ཕྱེད་ཀ་ཕུལ་ཡོད་པ་དང་། སྐར་རྩིས་དངོས་ཁམས་རིག་པ་བ་མེ་ཁལ་མེ་ཡོར་དང་གནམ་རིག་སྐར་དཔྱད་པ་ཌི་ཌར་ཁྱུ་ལོ་ཛི་རྣམ་གཉིས་ཀྱིས། ཕྱི་ལོ་ ༡༩༩༥ ལོར་འཛམ་གླིང་དང་ འོད་ལོ་ ༥༠ ཡི་མཚམས་སུ་ཡོད་པའི་སྐར་མ་ཞིག་ལ་སྐོར་བཞིན་པའི་རྒྱུ་སྐར་ 51 Pegasi b ཞེས་པ་དེ་གསར་རྙེད་བྱས་པའི་ངོས་འཛིན་ཐོག་གཟེངས་རྟགས་ཀྱི་བཞི་ཆ་གཅིག་རེ་ཕུལ་ཡོད་འདུགདེ་བཞིན་ཁ་སང་ཕྱི་ཚེས་ ༧ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས།  ཨོག་སི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་སྨན་པ་པི་ཊར་རེ་ཊི་ཁི་ལེབ་(Peter Ratcliffe)ལགས་དང་། ཧ་ཝར་ཌི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཝི་ལེམ་ཁེ་ལིན་ (William Kaelin)ལགས།  ཇོན་ཧོབ་ཀིན་སི་གཙུག་ལག་སློབ་གྲྭའི་སློབ་དཔོན་གྷེ་རེག་སེ་མན་ཛ་ (Gregg Semenza)ལགས་བཅས་རྣམ་པ་གསུམ་གྱིས། ལུས་པོའི་ཕྲ་ཕུང་གིས་ཇི་ལྟར་ཚོར་ཤེས་ཐུབ་ཀྱི་ཡོད་མེད་དང་། ཇི་ལྟར་སྲོག་རླུང་གི་འགྱུར་འགྲོས་ལ་བསྟུན་གྱི་ཡོད་མེད་ཤེས་རྟོགས་བྱུང་བའི་ངོས་འཛིན་ཐོག་འདི་ལོའི་ནོ་སྦེལ་སྨན་བཅོས་རིག་པའི་གཟེངས་རྟགས་དེ་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག

ཁ་སང་ནས་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མཚན་བྱང་གསལ་བསྒྲགས་བྱེད་མགོ་བཙུགས་པ་ལྟར། སང་ཉིན་ཕྱི་ཚེས་ ༩ ཉིན་འདི་ལོའི་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་དང་། ཕྱི་ཚེས་ ༡༠ ཉིན་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས། ཕྱི་ཚེས་ ༡༡ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཕྱི་ཚེས་ ༡༤ ཉིན་ནོ་སྦེལ་དཔལ་འབྱོར་ཚན་རིག་པའི་གཟེངས་རྟགས་བཅས་གསལ་བསྒྲགས་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply

One thought on “ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན།

  1. གཞུང་པ་ཚེ་དབང་བསོད་ནམས

    ཚན་རྩལ་རིག་པས་འཇིག་རྟེན་ཆགས་རབས་བཤད།
    ཚན་རྩལ་རིག་པས་འཇིག་རྟེན་འཕེལ་རིམ་བཤད།
    ཚན་རྩལ་རིག་པས་འཇིག་རྟེན་འཇིག་རབས་བཤད།
    ཚན་རྩལ་རིག་པས་གོ་མཚོན་གསར་བཟོའི་འོག།
    འཇིག་རྟེན་ཧྲིལ་པོའི་ཉེན་ཁའི་འོག་ཏུ་གནས།
    ཚན་རྩལ་རིག་པར་གཟེངས་བསྟོད་བྱ་དགའ་ཕུལ།