རྒྱ་ནག་གི་དཔོན་རིགས་ཚོའི་ཕྱི་སྐྱོད་མཐོང་མཆན་བཀག་བསྡོམས།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཡིས་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་མཐོང་མཆན་བཀག་སྡོམས་བྱས་བྱེད་དོན་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་ཐོག་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བཞིན་པས་ཡིན་སྐོར་བརྗོད་འདུག 

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།  ཨ་རིའི་ཊོམ་ཕུ་སྲིད་གཞུང་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་མི་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་ནག་ཉེས་འོག ཨ་རིའི་ནང་ཡོང་བར་མཐོང་མཆན་བཀག་བསྡོམས་བྱས་པ་ཡོད་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཤིན་ཅང་གི་གནད་དོན་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པ་གསལ་པོ་ཡིན་པས་ཕྱིའི་ཐེ་གཏོགས་བྱེད་ས་མེད་པདང་། ཨ་རིས་འཕྲལ་དུ་ནོར་འཁྲུལ་ཡོ་བསྲང་དང་ནང་སྲིད་ཐེ་བྱུས་བྱེད་མཚམས་འཇོག་དགོས་སྐོར་བརྗོད་འདུག

གནད་དོན་དེའི་ཐད་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་(Mike Pompeo)ཡིས་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོའི་མཐོང་མཆན་བཀག་སྡོམས་བྱེད་དོན་ཨ་རིའི་ཚོང་དོན་ལྷན་ཁང་ནས་རྒྱ་ནག་གཞུང་གིས་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་ཐོག་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བཞིན་པར་གཞུང་འབྲེལ་ལས་ཁུངས་དང་བཟོ་ཚོང་ཁང་ ༢༨ ཙམ་ཐོ་གཞུང་ནག་པོ་ནང་བཅུག་པ་ལ་ཁ་སྣོན་ཙམ་ཡིན་སྐོར་དང་། བདུན་ཕྲག་འདིའི་ནང་ཨ་རྒྱ་གཉིས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོང་དམག་གྲོས་མོལ་བྱེད་འཆར་ཡོད་པ་མུ་མཐུད་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ཡང་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་མཆོག་ནས། རྒྱ་ནག་གིས་ཤིན་ཅང་ནང་འཕྲལ་དུ་དྲག་གནོན་མཚམས་འཇོག་དང་གང་བྱུང་བཙོན་འཇུག་བྱས་པ་རྣམས་ཀློད་གྲོལ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་བཙན་དབང་གིས་ཕྱིར་རྒྱ་ནང་ལ་འབོད་འགུག་གིས་མནར་གཅོད་གཏོང་མཚམས་འཇོག་དགོས་སྐོར་གྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་འདུག

ཐེངས་འདིའི་མཐོང་མཆན་བཀག་བསྡོམས་ཀྱི་གསལ་བསྒྲགས་དེ་ཕྱི་ཚེས་ ༧ ཉིན། ཨ་རིའི་ཚོང་དོན་ལྷན་ཁང་ (Commerce Department)ནས་རྒྱ་ནག་གཞུང་གི་ལས་ཁུངས་དང་ཚོགས་སྡེ་ཁག་ ༢༨ ཐོ་གཞུང་ནག་པོའི་ནང་བཅུག་ནས་ཉིན་གཅིག་གི་རྗེས་ལ་བསྒྲགས་ཡོད་པ་ད་ང། བཀག་བསྡོམས་བྱས་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་མི་སྣ་དེ་དག་གི་མིང་དང་། མི་ག་ཚོད་ཀྱི་མཐོང་མཆན་བཀག་སྡོམས་བྱས་མིན་ཕྱིར་བསྒྲགས་བྱས་མེད་ནའང་། ཉེ་སྔོན་ཨ་རི་གཞུང་ནས་ད་ལྟའི་ཤིན་ཅང་ཡུ་གུར་གྱི་མགོ་འཁྲིད་དང་དེ་སྔོན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་གོ་ (Chen Quanguo) ལ་མཐོང་མཆན་བཀག་སྡོམས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། 

ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཊུ་ཝེ་ཊར་སྤྱི་ཚོགས་ཚོགས་དྲ་ལམ་བརྒྱུད། ཤིན་ཅང་གི་གནད་དོན་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པ་གསལ་པོ་ཡིན་པས་ཕྱིའི་ཐེ་གཏོགས་བྱེད་ས་མེད་པ་དང་། ཨ་རིས་འཕྲལ་དུ་ནོར་འཁྲུལ་ཡོ་བསྲང་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། ཅེས་དང་། ཡང་གཞུང་ཚབ་ཁང་དེའི་མགྲིན་ཚབ་པ་ཞིག་གིས་ཤར་ཏུར་ཀི་སི་ཐན་ནང་ཨ་རིས་ཉེས་འཛུགས་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་འདྲ་ཞིག་མེད་པ་མ་ཟད། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཆེད་བཟོས་པའི་ཁ་གཡོར་ས་ཞིག་ཡིན་སྐོར་བརྗོད་འདུག

གཞན་ཉིན་ཤས་སྔོན་ཨ་རིས་རྒྱ་ནག་གི་ཚོགས་སྡེ་ཁག་ ༢༨ མིང་ཐོ་ནག་པོའི་ནང་བཅུག་པའི་ཐད་རྒྱ་ནག་གཞུང་ངོས་ནས། ཨ་རིས་ཤིན་ཅང་གི་གནད་དོན་ཐད་འགན་འཁྲི་མེད་པའི་འགྲེལ་བརྗོད་དང་ནང་སྲིད་ལ་ཐེ་བྱུས་མཚམས་འཇོག་དགོས་པ་དང་། ཐོ་གཞུང་ནག་པོའི་ནང་བཅུག་ཡོད་པའི་འབྲེལ་ཡོད་ལས་ཁུངས་དང་བཟོ་ལས་ཁང་ཚོ་མྱུར་དུ་བསུབ་དགོས་སྐོར་བརྗོད་ཡོད་པ་དང་། དེ་རིིང་རོའུ་ཊར་གསར་ཁང་ལ་རྒྱུས་ཡོད་ཅིག་གིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཨ་རིའི་དམག་དོན་དང་གསང་བའི་ལས་ཁུངས་དང་འབྲེལ་བའི་ཚོགས་སྡེ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་དེའི་ལས་མི་རྣམས་ལ་མཐོང་མཆན་བཀག་བསྡོམས་ཀྱི་བཀའ་ཁྱབ་ཞིག་གཏོང་འཆར་ཡོད་པ་དང་། གནད་དོན་དེའི་ཐད་ཉེ་བའི་ཟླ་འགའི་རིང་ནས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དང་ཉེན་རྟོག་པའི་ནང་ཁུལ་ལ་སྐད་ཆ་ཤུགས་ཆེན་བྱུང་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༠༩

Leave a Reply

One thought on “རྒྱ་ནག་གི་དཔོན་རིགས་ཚོའི་ཕྱི་སྐྱོད་མཐོང་མཆན་བཀག་བསྡོམས།

  1. གཞུང་པ་ཚེ་དབང་བསོད་ནམས

    ཨ་རྒྱའི་ཆབ་སྲིད་རི་མགོའི་དར་ལྕོག་འདྲ།
    ཨ་རྒྱའི་འབྲེལ་ལམ་ཕྲུ་གུའི་ནང་འཁྲུགས་འདྲ།
    ཨ་རྒྱའི་ཚོང་དམག་འཛམ་གླིང་འཐོམ་དུ་བཅུག།
    ཨ་རྒྱ་བདེ་བའི་སྨོན་ལམ་མང་ཙམ་འདེབས།