དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་སྐབས་གཉིས་པ་ཁྲི་འདོན་མཛད།  

མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་ཇོ་ནང་རྒྱལ་ཚབ་སྐབས་གཉིས་པར་གསེར་ཁྲིར་མངའ་གསོལ་དང་བརྟན་བཞུགས་བསྟར་འབུལ་ཞུས།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་བཞུགས་སྒར་དྷ་སའི་ཉེ་འཁྲིས་ནོར་གླིང་དུ། ཇོ་ནང་རྒྱལ་ཚབ་སྐབས་གཉིས་པ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་གསེར་ཁྲིར་མངའ་གསོལ་གྱི་ཁྲི་སྟོན་དང་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་།  དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་དབུས་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ་དང་། མཁན་སྤྲུལ་དགེ་བཤེས། བོད་མི་མང་སྤྱི་འཐུས་ཀྱི་རྒྱུན་ལས་རྣམ་པ། དེ་བཞིན་ཨ་རི་དང་ཨུ་རུ་སུ། ཧྥ་རན་སི། སྦེལ་ཇམ། སུད་སི། སི་ལོ་ཝ་ཁེ་ཡ། ཐའེ་ཝན། འབྲུག བལ་ཡུལ། ཨ་ཧྥེ་རི་ཁའི་ནང་རྒྱལ་ཁབ་རེ་ཟུང་བཅས་ནས་ཆོས་ཚོགས་ཁག་ ༢༠ ལྷག་གི་སྐུ་ཚབ་སེར་སྐྱ་རྣམས་དང་། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་། རྒྱ་གར་ལྷོ་ཕྱོགས་དང་དྷ་ས་སོགས་ནས་ཡོང་བའི་གྲྭ་བཙུན་དང་མི་མང་བཅས་མི་གྲངས་ ༥༠༠ ཡས་མས་འཛོམས་འདུགམཛད་སྒོའི་ཐོག་སིམ་ལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་སྤྲུལ་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ་རིན་པོ་ཆེ་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁྲི་སྟོན་ལ་བསྩལ་བའི་བཀའ་ཡིག་སྒྲོགས་སྦྱང་གནང་བའི་ནང་། ཇོ་ནང་འགྲོ་ཕན་གླིང་དང་ཇོ་ནང་གཞིས་བྱེས་དགོན་སྡེ་ཁག་གི་མཁན་པོ་བླ་སྤྲུལ་ལྷན་འཛོམས་ཀྱིས་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་ཇོ་ནང་བསྟན་བདག་དང་། མཁན་ཟུར་ཆོས་ཀྱི་སྣང་བ་རྒྱལ་ཚབ་ཏུ་བསྐོ་བཞག་བྱུང་འདུག་པར་འདི་ནས་ལེགས་སོ་ཡོད། བསྟན་བདག་རྣམ་གཉིས་ལའང་འཚམ་འདྲིའི་ཤིས་ཚིག་དང་། སྔར་བཞིན་ལྷག་བསམ་ཧུར་བསྐྱེད་ཀྱི་འབད་བསྐུལ་དང་རེ་བ་མཆིས། ངོས་ནས་སྔར་ཇོ་ནང་བསྟན་རྒྱས་སྨོན་ལམ་དུ། མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད། །མི་མཉམ་འཛིན་ཅིང་སྤེལ་བའི་བཀའ་བབས་པ། །ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག །ཅེས་དང་། མདོ་ཡི་ལྟ་བ་དབུ་མ་གཞན་སྟོང་དང༌། །རྒྱུད་དོན་རྣལ་འབྱོར་དྲུག་གི་ཉམས་ལེན་གྱིས། །ཆོས་སྐུ་མངོན་དུ་མཛད་པའི་བཞེད་སྲོལ་ཆེ། །ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག །ཅེས་སྨོན་པ་ལྟར། ཇོ་ནང་པར་དམིགས་ཀྱིས་བཀའ་བབ་པའི་ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་ཉམས་ཁྲིད་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱལ་བའི་བསྟན་པ་བཤད་སྒྲུབ་ཟུང་དུ་འབྲེལ་བས་སྐྱེ་འགྲོའི་ཕན་བདེའི་རྩ་ལག་ཏུ་མི་ཉམས་དར་རྒྱས་རྒྱུན་འཛིན་ཡོང་བར་འབད་པ་ལྷོད་མེད་དགོས་གལ་ཤིན་ཏུ་ཆེ་བས་ཀུན་གྱིས་ཡིད་འཇགས་འཚལ། འདི་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཇོ་མོ་ནང་པས་རྒྱལ་བའི་དགོངས་པ་ཐུན་མིན་དུ་འགྲེལ་བ་ཁག་དང་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཁྲིད་རྒྱུན་དག་མི་ཉམས་གོང་འཕེལ་དང༌། འདི་ཕྱིར་དགེ་བའི་ཡིད་སྨོན་རྟག་ཏུ་བྱེད། ཅེས་གསུངས་འདུགཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་མཆོག་གི་སྐུ་ཚབ་བསྟན་པ་འབྲུག་གྲགས་ལགས་ཀྱིས་ཁྲི་སྟོན་དང་འབྲེལ་བའི་གསུང་བཤད་གནང་སྐབས།  སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས་པའི་སྨན་རིའི་གྲྭ་ཚང་ཡོངས་ཀྱི་ཚབ་ཞུས་ཏེ་དེ་རིང་གི་བཀྲ་ཤིས་པའི་ཉིན་མ་བཟང་པོ་འདི་ལ་དམིགས་བསལ་གྱིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད་པ་དང་། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་དེ་རིང་གི་མཛད་སྒོ་འདིར་ཕེབས་དམིགས་ཡོད་ཀྱང་། ཟླ་ཤས་ཀྱི་སྔོན་ནས་བཟུང་རིན་པོ་ཆེ་མཆོག་གི་ཟླ་འདིའི་ནང་གི་མཛད་འཕྲིན་གང་མང་ཞིག་གཏན་འབེབ་ཞུས་ཟིན་ཡོད་པར་བརྟེན། དེ་རིང་གི་མཛད་སྒོར་ཁོང་སྐུ་ཚབ་ཏུ་བཅར་དགོས་པའི་བཀའ་ཕེབས་ཡོད་སྐོར་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བར་ལ་མཐུན་སྒྲིལ་ཡོང་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་ཆོས་བརྒྱུད་རིས་མེད་ཀྱི་བགྲོ་གླེང་སོགས་བརྒྱུད་ནས་ཕན་ཚུན་བར་ཐག་ཇེ་ཉེར་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཁོང་གི་ཕ་ཡུལ་ཨ་མདོ་རྔ་བའི་ནང་ལ་མཚོན་ན། ས་སྐྱ་དང་དགེ་ལུགས། རྙིང་མ། དེ་བཞིན་ཇོ་ནང་དང་བོན་པོ་སོགས་ཡོད་པས། ས་ཐག་གི་ཉེ་པོ་ཡོད་པ་མ་ཟད་དད་ལྡན་མི་མང་བར་ལ་ཡང་སེམས་ཐག་ཉེ་པོ་ཡོད་སྐོར་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་དབུ་འཁྲིད་འོག་དཔལ་ལྡན་ཇོ་ནང་པའི་བསྟན་པ་དེ་ཉིད་དར་ཞིང་རྒྱས་པ་དང་། མཛད་འཕྲིན་རླབས་ཆེན་སྐྱོང་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད་སྐོར་གསུངས་སོང་།སྔ་འགྱུར་རྙིང་མའི་བསྟན་པའི་གསལ་བྱེད་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་རིན་པོ་ཆེ་དཔལ་ཆེན་ལྷུན་འགྲུབ་མཆོག་གིས། དཔལ་རྒྱལ་བ་ཇོ་ནང་པ་དེ་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ནས་དམིགས་བསལ་བ་ཞིག་ཆགས་བསྡད་ཡོད་པ་དང་། ཇོ་ནང་པར་ལྟ་སྒོམ་ཐུན་མོང་མ་ཡིན་པ་མང་པོ་ཡོད་པ་རྣམས་སྔར་ནས་ད་བར་དུ་རྒྱུན་མ་ཆད་པར་བསྐྱངས་ནས་ཡོང་ཡོད་པ་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཀྱང་ག་དུས་ཡིན་ནའང་བསྟོད་བསྔགས་གནང་ས་ཞིག་ཆགས་བསྡད་ཡོད་པ་དང་། རྒྱ་གར་འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བོད་ལ་དར་བ་དང་། ལྟ་གྲུབ་གཏན་ལ་ཕབ་སྟངས་ཀྱི་ཐད་ནས་ཁྱད་པར་ཅུང་ཟད་རེ་མཆིས་ཀྱང་། རྣལ་འབྱོར་གྱི་ཉམས་ལེན་འགལ་བ་མེད་པ་དེ་ཚང་མའི་མཁྱེན་གསལ་ལྟར་ཡིན་སྐོར་དང་། ཆོས་བརྒྱུད་ཕན་ཚུན་བར་ཁ་ཙམ་ཚིག་ཙམ་མ་ཡིན་པར་འཆམ་མཐུན་ཡོང་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང་། དེའི་ཡང་སྤྲུལ་རྗེ་བཙུན་ཏཱ་ར་ནཱ་ཐ་མཆོག་སོགས་དཔལ་རྒྱལ་བ་ཇོ་ནང་པའི་བླ་མ་གོང་མ་རྣམས་ཀྱི་ཁྲོད་དུ་ཆོས་ལུགས་རིས་མེད་ཀྱི་མཛད་པ་སྐྱོང་མཁན་ཧ་ཅང་མང་པོ་བྱོན་ཡོད་པ་དང་། དེ་བཞིན་དུ་ས་སྐྱ་དང་དགེ་ལུགས། རྙིང་མ། བཀའ་བརྒྱུད་སོགས་ཀྱི་བླ་མ་གོང་མ་རྣམ་པའི་ཁྲོད་དུའང་རིས་སུ་མ་ཆད་པའི་མཛད་པ་སྐྱོང་མཁན་ཧ་ཅང་མང་པོ་བྱོན་ཡོད་སྟབས། ཆོས་ལུགས་རིས་སུ་མ་ཆད་པ་ཞིག་གནང་ཐུབ་པ་ཡིན་ན་དེ་ལ་བརྟེན་ནས་ཆོས་ལུགས་དང་ཆོལ་ཁ་རྡོག་རྩ་གཅིག་སྒྲིལ་ཡོང་བར་ཕན་དགེ་ཆེན་པོ་ཡོད་སྐོར་གསུངས་སོང་།འཁོན་རིགས་བསྟན་པའི་མངའ་བདག་༧དཔལ་ལྡན་ས་སྐྱའི་ཁྲི་འཛིན་༧རཏྣ་བཛྲ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ཁྲི་འགྱུར་མེད་རྡོ་རྗེ་མཆོག་གིས། ༧ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་རྒྱལ་ཡུམ་ཆེན་མོས་ཁོང་ཉིད་དེ་རིང་གི་མཛད་སྒོར་ངེས་པར་དུ་བཅར་དགོས་པར་ནན་སྐུལ་གནང་བ་ལྟར་བཅར་ཡོད་པ་དང་། དེ་རིང་གི་མཛད་སྒོ་འདི་ལོ་རྒྱུས་ཐོག་ལ་བསམ་བློ་བཏང་ན་རེད། དུས་ཚོད་དང་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་ཧ་ཅང་སྐལ་བ་བཟང་པོ་ཞིག་དང་དུས་ཚོད་ཁྱད་པར་ཅན་ཞིག་ཡིན་ལ། རྒྱལ་བ་ཇོ་ནང་པའི་ལྟ་གྲུབ་ཀྱི་སྲོལ་འབྱེད་པ་དོལ་པོ་བ་ཤེས་རབ་རྒྱལ་མཚན་མཆོག་ནས་མཛད་པའི་ཡིད་དབང་འཕྲོག་པ་དང་ཁྱད་དུ་འཕགས་པའི་གཞུང་ལུགས་དང་ཆོས་བརྒྱུད་འདིའི་ལྟ་གྲུབ་ལ་སྦྱངས་མྱོང་མཁན་དང་། གཟིགས་མྱོང་མཁན་ཞིག་ཡིན་ན་གསལ་པོར་མཁྱེན་བསྡད་པ་ཞིག་ཡིན་ལ། བསྟན་པ་འདི་དར་ཞིང་རྒྱས་པའི་སྨོན་ལམ་ཞུ་ཡི་ཡོད་སྐོར་གསུངས་སོང་།རི་བོ་དགེ་ལུགས་པའི་བསྟན་བདག་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་སྐུ་ཚབ་རྒྱུད་སྟོད་མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་མཆོག་གིས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ད་ལན་གྱི་མཛད་སྒོའི་ཐོག་ཕེབས་འདོད་ཡོད་ན་ཡང་སྔ་ལོ་ནས་ཡུ་རོབ་ཁག་ལ་མཛད་འཕྲིན་བསྐྱང་རྒྱུ་གཏན་འཁེལ་ཟིན་པར་བརྟེན་ཁོང་སྐུ་ཚབ་ཏུ་བཏང་གནང་ཡོད་པ་དང་། རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་བསྟན་པ་ཁོ་ན་སྙིང་བཅངས་ཀྱིས་སླར་ཡར་ཇོ་ནང་པའི་རྒྱལ་ཚབ་ཏུ་མངའ་གསོལ་བྱུང་བ་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་རྗེས་སུ་ཡི་རངས་ཞུ་ཡི་ཡོད་སྐོར་དང་། སྤྱིར་ཇོ་ནང་ཆོས་བརྒྱུད་ཀྱི་མཁས་དབང་རྣམས་དང་ལོ་རྒྱུས་ལ་གཟིགས་པ་ཡིན་ན། མདོ་སྔགས་སྤྱི་དང་ཁྱད་པར་དུས་ཀྱི་འཁོར་ལོའི་སྒོ་ནས་དང་། དེའི་ནང་ནས་ཀྱང་རྫོགས་ཆེན་གྱི་རྟོགས་པ་དང་འབྱོར་དྲུག་གི་རྟོགས་པའི་སྒོ་ནས་བོད་གཞིས་བྱེས་གཉིས་སུ་བོད་ཀྱི་མཁས་དབང་གསེར་རིའི་ཕྲེང་བ་བསྒྲིགས་པ་ལྟ་བུ་ཕེབས་ཡོད་པ་དང་། ཁྱད་པར་དཔལ་རྒྱལ་བ་ཇོ་ནང་པ་དང་། དོལ་པོ་ཤེས་རབ་རྒྱལ་མཚན་མཆོག དེ་བཞིན་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་མཆོག་དང་། རྗེ་བཙུན་ཀུན་དགའ་སྙིང་པོའམ་རྗེ་བཙུན་ཏ་ར་ཎ་ཐ་ལྟ་བུར་མཚོན་ན། བོད་ཀྱི་ཆོས་བརྒྱུད་རིག་གནས་དང་བཅས་པ་ལ་བཀའ་དྲིན་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།དམིགས་བསལ་སྐུ་མགྲོན་༧རོང་ཆེན་བསྟན་པའི་མངའ་བདག་ཀིརྟི་རིན་པོ་ཆེ་མཆོག་གིས། ད་ལྟའི་ཆར་ཁོང་གི་སྐུའི་འཕྲོད་བཞེས་ལེགས་པོ་མེད་ཀྱང་། ཇོ་ནང་པའི་ཆོས་བརྒྱུད་དེ་ཉག་ཕྲ་བོ་ཡིན་པ་དེ་ལ་རྒྱབ་སྐྱོར་གྱི་ཆེད་དུ་བཅར་བ་ཡིན་སྐོར་དང་། རྔ་བ་ཁུལ་དུ་ཇོ་ནང་གི་དགོན་པ་མང་པོ་ཡོད་པ་དང་། ཇོ་ནང་དགོན་པའི་ནང་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་གོང་མ་རྣམ་པ་ཕལ་ཆེར་ཕེབས་མྱོང་མེད་པ་རེད་ཟེར་ནའང་འགྲིག་གི་ཡོད་ཀྱང་། ཁོང་ཉིད་ཇོ་ནང་དགོན་པ་ཚང་མའི་ནང་བཅར་རྒྱུའི་གོ་སྐབས་བྱུང་བ་དང་། གཅིག་ནས་ཇོ་ནང་པ་མང་པོ་ཞིག་རིན་པོ་ཆེ་ཁོང་རང་ཉིད་དང་ཕ་ཡུལ་གཅིག་པ་ཆགས་ཡོད་པ་དང་། ཇོ་ནང་པའི་དགོན་པའི་ཁྲོད་དུ་བཤད་སྒྲུབ་འཛུགས་མཁན་ཡོད་ལ། ཕལ་ཆེ་བ་ཧ་ཅང་གཉོམ་ཆུང་ཡིན་པ། རིན་པོ་ཆེ་ཁོང་རང་ཉིད་དང་ཇོ་ནང་པའི་བར་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དང་། མ་འོངས་པར་རྒྱབ་ཚབ་མཆོག་ནས་ཇོ་ནང་པའི་བསྟན་པ་སྤྱི་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་རེ་བ་གནང་གི་ཡོད་སྐོར་སོགས་གསུངས་སོང་།སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། རྒྱལ་ཚབ་རིན་པོ་ཆེ་མཆོག་སླར་ཡང་རྒྱལ་ཚབ་ཀྱི་ཁྲི་ལ་མངའ་གསོལ་མཛད་ཡོད་སྟབས། མཛད་འཕྲིན་དེ་དག་དུས་དང་མཐུན་པར་བསྐྱར་གསོ་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་སྨོན་ལམ་ཞུ་ཡི་ཡོད་སྐོར་དང་། བོད་ས་མ་ཤོར་གོང་ལ་ཇོ་ནང་པའི་བསྟན་པ་དེ་སྨད་ཕྱོགས་ལ་ཤུགས་ཆེ་བ་ཁྱབ་ཡོད་སྟབས། བཙན་བྱོལ་དུ་འབྱོར་སྐབས་ཆོས་བརྒྱུད་གཞན་ལྟར་ཇོ་ནང་ཕྱོགས་ནས་བླ་ཆེན་ཕེབས་མ་ཐུབ་པ་སོགས་ཀྱི་རྐྱེན་པས་དེ་ཙམ་དར་ཁྱབ་བྱུང་མེད་ཀྱང་། ཕྱིས་སུ་བོད་ནས་བོད་མི་འབྱོར་རྒྱུ་ཇེ་མང་དུ་སོང་བ་དང་བསྟུན་ཇོ་ནང་པའི་རྟེན་གཞི་ཡང་རྒྱ་ཆེར་གྱུར་ཡོད་སྐོར་དང་། བཙན་བྱོལ་ནང་ཁྲིམས་སྒྲིག་དང་བཅའ་ཁྲིམས་སོགས་སྒྲིག་ལམ་མང་པོ་ཆགས་པའི་རྐྱེན་གྱིས། གནས་སྟངས་མང་པོའི་ནང་ཇོ་ནང་གི་ཆོས་བརྒྱུད་དེ་ཡིན་ལུགས་ཚུལ་མཐུན་ཐོག་ཚུད་མེད་པའི་དགོངས་ཚུལ་སོགས་བྱུང་བ་དངོས་བདེན་ཡིན་པ་དང་། ཆོས་རིག་ལས་ཁུངས་ཀྱི་ཆོས་ཚོགས་ཤིག་གི་ཐོག་ལ་ཇོ་ནང་པའི་ཆོས་བརྒྱུད་དེ་ལྟ་བ་དང་བརྒྱུད་པའི་ཆ་ནས་རང་རྐང་ཚུགས་པའི་ཆོས་བརྒྱུད་ཅིག་ཡིན་པར་ངོས་འཛིན་གཙང་མ་གནང་ཡོད་པ་དང་། ཆོས་ཚོགས་ཀྱི་ཆ་ནས་སྡིངས་ཆ་དེ་ལས་མཐོ་བ་ཞིག་མེད་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་དེར་མཚུངས་ངོས་འཛིན་ཞུ་ཡི་ཡོད་པ་དང་། ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཡོང་རྒྱུར་འབད་བརྩོན་ཞུས་དང་ཞུ་མུས་ཡིན་སྐོར་སོགས་གསུངས་སོང་།མཛད་སྒོའི་མཇུག་ཏུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས། སྤྱིར་ལ་དྭགས་ཀྱི་དུས་འཁོར་དབང་ཆེན་ནས་བཟུང་ལོ་ལྔ་རྫོགས་ཟིན་ཡང་། འདི་ལོར་རྒྱལ་སྤྱིའི་ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོས་ཡང་བསྐྱར་རྒྱལ་ཚབ་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར་བཀའ་མ་ལྕོགས་པར་དེ་རིང་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་སྟོན་གནང་གི་ཡོད་སྐོར་དང་། རིན་པོ་ཆེ་རང་ཉིད་ལ་མཚོན་ན་དེ་ནི་བོད་ཀྱི་གཏམ་དཔེ་ལ་བོང་བུ་ལ་གསེར་སྒ་བསྟད་ཅེས་པའི་དཔེ་ལྟར་བོང་བུ་ལ་གསེར་སྒ་བསྟད་ན་རན་པོ་མེད་པ་ཚོར་བྱུང་། ཡིན་ན་ཡང་སྤྱིར་རྒྱལ་བའི་བསྟན་པ་དང་ལྷག་པར་དུ་རྒྱལ་བ་ཇོ་ནང་པའི་བསྟན་པ་ཉམ་ཆུང་ཉག་ཕྲ་བའི་སྐབས་འདི་ལ་མིང་ཙམ་འཁྱེར་ནས་ཕན་པ་ཡོད་ན་རང་གི་བསོད་ནམས་རེད་བསམ་པའི་ཐོག་ནས་མིང་དེ་འཁྱེར་ཡིན་མ་གཏོགས། ང་དངོས་གནས་བསྟན་མཁས་གཉིས་དང་ལྡན་པའམ། ཡང་ན་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ནུས་པ་རྩ་བ་མེད་སྟབས། དེར་ང་རང་འོས་འཚམ་མིན་ལ་དྲན་གྱི་ཡང་མེད། ཅེས་གསུངས་སོང་།ཡང་རིན་པོ་ཆེ་མཆོག་གིས།  ང་ཚོར་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་སྟེ་དུས་འགྱུར་ཇི་ལྟར་བྱུང་བ་དང་། དཀའ་ངལ་ཇི་ལྟར་འཕྲད་ཡོད་མེད་རང་གཞན་ཚང་མས་མྱོང་བཞིན་ཡོད་པ་རེད་ལ། ང་རང་ཚོ་འདི་ལྟ་བུའི་དཀའ་ངལ་ཞིག་གི་ནང་ལྷུང་བསྡད་ཡོད་ཀྱང་། ང་རང་ཚོར་སྐྱབས་དང་མགོན་གཅིག་པོ་ཡོད་པ་དེ་འཛམ་གླིང་གང་ནའང་མེད་པའམ། ཡང་ན་མི་རིགས་གང་ལའང་མེད་པའི་བློ་གཏད་ཆོག་སའམ་སྐྱབས་དང་མགོན་དེ་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་རེད། ཁོང་གིས་ཉིན་ལྟར་ང་ཚོ་བོད་མི་མཐུན་སྒྲིལ་གཅིག་འགྱུར་ཡོང་རྒྱུའི་ལམ་སྟོན་བཀའ་སློབ་གནང་གི་ཡོད་པ་ལྟར། ང་ཚོས་ཁོང་གི་བཀའ་བརྒྱ་ཆ་བརྒྱ་སྒྲུབ་མ་ཐུབ་ན་ཡང་ཆོལ་ཁ་ཆོས་ལུགས་བར་གྱི་བསམ་བློ་འཁུར་སྟངས་དང་བྱ་བ་སྒྲུབ་སྟངས་ཐད་ཆེ་ས་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༡༠

Leave a Reply