བལ་ཡུལ་ནང་བོད་ཀྱི་རྒྱལ་དར་ཅན་གྱི་གྱོན་གོས་གྱོན་ན་འདྲི་རྩད་འཛིན་བཟུང་བྱེད་ཀྱི་ཡོད་འདུག

བལ་ཡུལ་ནང་འཇང་དགུན་ཆོས་དང་སྨོན་ལམ་བཀག་སྡོམ་བྱས་ཡོད་པ་མ་ཟད་བོད་ཀྱི་རྒྱལ་དར་དང་བོད་དོན་ཡི་གེ་བྲིས་པའི་གྱོན་གོས་གྱོན་མཁན་ལ་འདྲི་རྩད་འཛིན་བཟུང་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ དང་ ༡༣ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུར་གཞུང་འབྲེལ་ལྟ་སྐོར་དུ་ཡོང་གཏན་འཁེལ་ཡོད་སྟབས། བལ་ཡུལ་གཞུང་གིས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་འཇང་དགུན་ཆོས་ཕྱིར་འགྱངས་བྱེད་དུ་བཅུག་པ་དང་། སྐྱིད་གྲོང་བསམ་གཏན་གླིང་དུ་སྨོན་ལམ་འཚོགས་བཞིན་པ་བཀག་སྡོམ་བྱས་འདུག་པ་མ་ཟད། རྒྱལ་ས་ཀ་ཐི་མན་ཌུ་ཁུལ་དུ་གནས་སྡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདས་པའི་ཉིན་ཤས་ནང་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་ཀྱང་ཕྱིས་སུ་གནས་ཚུལ་ཅི་བྱུང་གོ་ཐོས་མེད་པ་དང་། ད་ལྟའི་ཆར་དགོན་སྡེ་ཁག་གཙོ་བོར་གྱུར་བའི་མཆོད་རྟེན་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་སོགས་བོད་མི་འདུས་སྡོད་ཆེ་བའི་ས་ཁུལ་ཁག་ཏུ། དྲག་ཆས་ཉེན་རྟོག་པ་མང་པོ་འགྲེམ་འཇོག་བྱས་ནས་དམག་ཁྱི་འཁྲིད་དེ་གང་སར་ལྟ་རྟོག་དང་དམ་དྲག་ནན་པོ་བྱེད་བཞིན་ཡོད་འདུག

བལ་ཡུལ་གྱི་དུས་བབ་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། བོད་མི་འདུས་སྡོད་མང་བའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་བཞི་ལ་དྲག་ཆས་ཉེན་རྟོག་པ་འགྲེམ་འཇོག་བྱས་ཡོད་པ་མ་ཟད། བལ་ཡུལ་དབུས་གཞུང་གིས་ས་གནས་ཉེན་རྟོག་པར་དོགས་ཟོན་ཆེ་བའི་མི་སྣ་རྣམས་འཛིན་བཟུང་ཆོག་པའི་བཀའ་རྒྱ་བཏང་ཡོད་པར་བརྟེན། ཉེན་རྟོག་པས་སྔར་དང་མི་འདྲ་བར་དོགས་ཟོན་ལྟ་རྟོག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། བོད་མིའི་ས་གནས་མགོ་འཛིན་རྣམ་པས་རང་ཁུངས་བོད་མི་རྣམས་ལ་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་འདུག་ལ།  རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ནས་བོད་མི་རྣམས་འགྲུལ་སྐྱོད་བྱེད་པ་ལའང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག

དེ་རིང་ཞོགས་པར་བལ་ཡུལ་ནང་གནས་སྡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། བོད་ཀྱི་རྒྱལ་དར་དང་བོད་ཡིག་འཁོད་པའི་རྒྱབ་ཁུག་དང་གྱོན་ཆས་གྱོན་མཁན་ལ་ཉེན་རྟོག་པས་འདྲི་རྩད་སུན་གཙིར་བཟོ་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༤ དང་ ༥ བར་བོད་མི་ ༦ འཛིན་བཟུང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་དང་། ཀློད་གྲོལ་བཏང་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད་སྐོར་བརྗོད་བྱུང་ལ། འདི་གའི་གསར་འགོད་པས་ཁ་སང་ཕྱི་ཚེས་ ༩ ཉིན་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཁ་སང་ཁེ་ཉིན་བལ་ཡུལ་ཉེན་རྟོག་པས་བོད་མི་གཉིས་འཛིན་བཟུང་བྱས་ཏེ་ཕྱིས་སུ་ཀློད་གྲོལ་བཏང་འདུག་པ་ལས། ད་ལྟའི་ཆར་འཛིན་བཟུང་བྱས་པ་དེ་འདྲ་མེད་ཀྱང་། ཕྱི་ལོགས་ལ་འགྲོ་སྐྱོད་བྱེད་སྐབས་དོགས་གཞི་བྱུང་ན་འཛིན་བཟུང་བྱ་རྒྱུ་ཡིན་པའི་སྐད་ཆ་དེ་དངོས་བདེན་ཡིན་པ་དང་། ལྷག་པར་དུ་བོད་ཀྱི་རྒྱལ་དར་འཁོད་པའི་གྱོན་ཆས་རིགས་གྱོན་མཁན་འཛིན་བཟུང་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བ་ལྟར། ང་ཚོ་དང་ས་གནས་མགོ་འཛིན་ལས་ཁུངས་བརྒྱུད་ནས་མང་ཚོགས་ལ་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཤེས་རབ་ལགས་སུ། འདི་ལོའི་བལ་ཡུལ་གྱི་འཇང་དགུན་ཆོས་ཐད་བལ་གཞུང་ནས་དམ་དྲག་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་ལོ་འཆར་ཅན་ལྟར་འདི་ལོའི་འཇང་དགུན་ཆོས་དེ་བལ་ཡུལ་འཕགས་ཤིང་གྲུབ་དགོན་འོད་ཅན་ཐུགས་རྗེ་ཆོས་གླིང་དགོན་དུ་ཟླ་འདིའི་ཕྱི་ཚེས་ ༩ ནས་ ༢༣ བར་ཉིན་གྲངས་ ༡༥ རིང་འཚོག་གཏན་འཁེལ་ཡོད་པ་མ་ཟད། བལ་ཡུལ་གྱི་དགེ་ལུགས་པའི་དགོན་ཁག་ ༨ དང་ཆོས་བརྒྱུད་གཞན་གྱི་དགོན་སྡེ་ཁག་བཅས་ཁྱོན་དགོན་སྡེ་ ༡༣ ལྷག་མཉམ་ཞུགས་བྱ་གཏན་འཁེལ་ཡོད་ཀྱང་། བལ་ཡུལ་གྱི་ཉེན་རྟོག་པས་དེ་དུས་རྒྱ་ནག་གི་སྲིད་འཛིན་བསླེབ་ཀྱི་ཡོད་པར་བརྟེན། འདིར་ཟང་ཟིང་ལྟ་བུར་ཆགས་ངེས་ཡིན་པས། སྲུང་སྐྱོབ་དང་བདེ་འཇགས་ཀྱི་ཆེད་དུ་ཟླ་འདིའི་ཕྱི་ཚེས་ ༩ ཉིན་འཚོག་ན་འགྲིག་གི་མེད་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱི་ལྟ་སྐོར་གྲུབ་རྗེས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་འཇང་དགུན་ཆོས་མགོ་འཛུགས་བྱ་ན་ཆོག་གི་ཡོད་སྐོར་ལབ་སོང་། ཞེས་བརྗོད་བྱུང་།

དེ་བཞིན་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སྐྱིད་གྲོང་བསམ་གཏན་གླིང་དགོན་པའི་དགེ་འདུན་པ་ཞིག་གིས་འདི་ག་དུས་བབ་ཀྱི་གསར་འགོད་པར། ཉིན་གཉིས་ཙམ་གོང་ལ་བལ་གཞུང་གི་འབྲེལ་ཡོད་མི་སྣ་སྐོར་ཞིག་སྐྱིད་གྲོང་བསམ་གཏན་གླིང་དགོན་པར་བསླེབས་སོང་བ་དང་། སྐབས་དེར་སྨོན་ལམ་འཚོགས་བཞིན་པའི་སྐབས་དང་ཁེལ་ཡོད་སྟབས། སྨོན་ལམ་མཚམས་འཇོག་བྱེད་དུ་བཅུག་སྟེ་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་འཚོགས་ཆོག་གི་མེད་སྐོར་གྱི་བཀའ་བཏང་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བལ་ཡུལ་ལ་ཕྱི་འབྲེལ་ཤུགས་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་དང་། ད་ལན་ཞི་ཅིན་ཕིན་གྱི་སྐོར་སྐྱོད་དང་བསྟུན་ཡུལ་གཉིས་བར་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཞིག་གཏན་འབེབ་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། རྒྱ་ནག་གཞུང་གིས་ཁྲིམས་འཆར་དེ་གཏན་འབེབ་ཡོང་ཐབས་སུ་ཡུན་རིང་ནས་ཤུགས་གནོན་བྱས་ཡོད་འདུག གལ་སྲིད་ཁྲིམས་འཆར་དེ་གཏན་འབེབ་བྱུང་བ་ཡིན་ན་བལ་ཡུལ་གྱི་བོད་མི་སྤྱི་དང་ལྷག་པར་དུ་བོད་ནས་གསར་དུ་བཙན་བྱོལ་ལ་ཡོང་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ལ། དེ་སྔོན་བལ་བོད་ས་མཚམས་ནས་བོད་མི་ཁག་ཅིག་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།འདི་ལོའི་ཕྱི་ཟླ་ ༣ པའི་ནང་བལ་ཡུལ་སྲིད་བློན་ཤར་མ་ཨོ་ལི་(KP Sharma Oli)ཡིས་སྲིད་བློན་གྱི་ལས་འཁུར་ཞུས་ཏེ་ལོ་གཅིག་ཏག་ཏག་འཁོར་བ་དང་སྟབས་བསྟུན། ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་(Mike Pompeo)མཆོག་གིས་འཚམས་འདྲི་གནང་བ་དང་སྦྲགས། བལ་ཡུལ་ནང་གནས་སྡོད་སྐྱབས་བཅོལ་བོད་མི་ཚོའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་ཡོད་པ་ལྟར། བལ་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་པར་ཌིབ་རྒྱ་ཝཱ་ལི་(Pradeep Gyawali)ཡིས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་བཅའ་ཁྲིམས་གཞིར་བཟུང་སྐྱབས་བཅོལ་བོད་མི་ཚོའི་ཐོབ་ཐང་ལ་མུ་མཐུད་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་འགན་ལེན་བསྐྱར་ནན་ཞུས་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ད་བར་དུ་ཁས་ལེན་དེ་ལག་བསྟར་བྱུང་བའི་གནས་སྟངས་གང་ཡང་མཐོང་རྒྱུ་མེད་པ་རེད།

འབྲེལ་ཡོད་གནས་ཚུལ་ཁག་ཅིག རྒྱ་གར་ཉེན་རྟོག་པས་བོད་མི་ ༩ འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་བཅུག

བལ་ཡུལ་ནང་བོད་མིར་དམ་དྲག་དང་མི་ ༢ འཛིན་བཟུང་།

བལ་ཡུལ་ནང་བོད་མིར་དམ་དྲག་བྱ་རྒྱུ་ཡིན་ཟེར།

བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སྲུང་གཙི་བྱས་མི་ཆོག་ཟེར།

བལ་ཡུལ་ནང་༧གོང་ས་མཆོག་གི་སྐུ་པར་བཀག་སྡོམ།

བལ་ཡུལ་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཁས་ལེན་བྱས

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༡༠

Leave a Reply

One thought on “བལ་ཡུལ་ནང་བོད་ཀྱི་རྒྱལ་དར་ཅན་གྱི་གྱོན་གོས་གྱོན་ན་འདྲི་རྩད་འཛིན་བཟུང་བྱེད་ཀྱི་ཡོད་འདུག