ཨི་ཐོ་པི་ཡའི་སྲིད་བློན་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ།

ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཨི་ཐོ་པི་ཡའི་སྲིད་བློན་ཨ་བྷེ་ཨག་མེཌ་ལགས་ལ་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སྤྲོད་གཏན་འཁེལ་བ་གསལ་བསྒྲགས་གནང་འདུགདེ་རིང་ནོར་ཝེ་ཡི་རྒྱལ་ས་ཨོ་སི་ལོའི་ནོར་ཝེའི་ནོ་སྦེལ་ལྟེ་གནས་ཁང་ (The Norwegian Nobel Institute) དུ། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཨི་ཐོ་པི་ཡའི་(Ethiopia)སྲིད་བློན་ཨ་བྷེ་ཨག་མེཌ་(Abiy Ahmed) ལགས་ཀྱིས། ཞི་བདེ་དང་རྒྱལ་སྤྱིའི་མཉམ་འབྲེལ་ཐད་ལ་ཕྱག་ལས་གནང་བ་དང་། ལྷག་པར་དུ་ཨི་ཐོ་པི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཨེ་རི་ཊེ་རི་ཡའི་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་ཕྱག་ལས་ནུས་པ་ཐོན་པ་གནང་བའི་ངོས་འཛིན་ཐོག ཁོང་ལ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག་ལ། སྲིད་བློན་ཨག་མེཌ་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མི་སྣ་ ༡༠༠ ཐམ་པ་དེ་ཡིན་འདུག་པ་དང་། གཟེངས་རྟགས་འབུལ་རྒྱུའི་མཛད་སྒོ་དེ་འདི་ལོའི་ཕྱི་ཟླ་ ༡༢ ནང་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་འཚོག་གཏན་ཁེལ་འདུག་པ་དང་། སྐབས་དེར་ཁོང་ལ་ནོ་སྦེལ་གཟེངས་རྟགས་དང་ལྷན་དུ་ཨ་སྒོར་འབུམ་ ༩ ཡི་བྱ་དགའ་གནང་རྒྱུ་ཡིན་འདུག

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ལྕམ་བྷེ་རི་ཊི་རེ་སི་ཨེན་ཌར་སན་ (Berit Reiss-Andersen) ལགས་ཀྱིས་གཟེངས་རྟགས་ཀྱི་གསལ་བསྒྲགས་སྒྲོགས་སྦྱང་གནང་སྐབས། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༤ པའི་ནང་སྐུ་ཞབས་ཨ་བྷེ་ཨག་མེཌ་ལགས་སྲིད་བློན་དུ་གྱུར་སྐབས། ཁོང་གིས་ཁྱིམ་མཚེས་ཨེ་རི་ཊེ་རི་ཡ་དང་ཞི་མོལ་བསྐྱར་འཛུགས་ཡོང་རྒྱུའི་ཆོད་སེམས་བསྟན་ཡོད། ཁོང་གིས་ཨེ་རི་ཊེ་རི་ཡའི་སྲིད་འཛིན་ཨི་ས་ཡ་སི་ཨ་ཧྥི་ཝར་ཀེ་(Isaias Afwerki) དང་མཉམ་འབྲེལ་གྱི་ཐོག་ནས་ཕྱོགས་གཉིས་བར་གྱི་འདས་པའི་དུས་ཡུན་རིང་པོའི་ཞི་བདེ་མེད་ལ་དམག་འཁྲུག་མེད་པའི་གནས་སྟངས་མཚམས་འཇོག་ཡོང་ཆེད། ཞི་བདེའི་ཆིངས་ཡིག་ཀྱི་རྩ་འཛིན་བཟོ་རྒྱུའི་ཐད་ཕྱག་ལས་གནང་ཡོད་ལ། འདས་ལོའི་ཕྱི་ཟླ་ ༧ དང་ ༩ པའི་ནང་ཁོང་རྣམ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་ལ་མཚན་རྟགས་བརྒྱབས་ཏེ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད། ཅེས་དང་། ཞི་བདེ་ཟེར་བ་དེ་ཕྱོགས་གཅིག་ཁོ་ནས་བསྐྲུན་ཐུབ་པ་ཞིག་མིན་སྟབས། སྲིད་བློན་ཨག་མེཌ་གྱིས་ཞི་བདེའི་ལག་པ་གཏོང་སྐབས་སྲིད་འཛིན་ཨ་ཧྥི་ཝར་ཀེ་ལགས་ཀྱིས་གོ་སྐབས་དམ་འཛིན་གྱིས། ཕྱོགས་གཉིས་བར་གྱི་ཞི་བདེའི་གྲོས་མོལ་ལེགས་གྲུབ་ཡོང་ཐབས་གནང་ཡོད་པ་དང་། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ངོས་ནས་ཀྱང་ཞི་བདེའི་ཆིངས་ཡིག་དེས་ཨི་ཐོ་པི་ཡ་དང་ཨེ་རི་ཊེ་རི་ཡའི་རྒྱལ་ཁབ་ཀྱི་མི་མང་རྣམས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་འདུག

འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁྲོད་མི་སྒེར་ ༢༢༣ དང་། ཚོགས་སྡེ་ ༧༨ ཡོད་འདུག་ཀྱང་། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ངོས་ནས་འདས་པའི་ལོ་གཅིག་ནང་སྲིད་བློན་ཨག་མེཌ་ཀྱི་ཕྱག་ལས་གང་གནང་ལ་གཞིགས་ཚེ། ཁོང་ནི་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་དེ་ཆེས་འོས་འཚམ་ཡིན་སྐོར་བསྒྲགས་འདུག་པ་དང་། ནོ་སྦེལ་གཟེངས་རྟགས་འདིས་སྲིད་བློན་ཨག་མེཌ་ཀྱི་ཞི་བདེ་དང་འབྲེལ་ལམ་བསྐྱར་གསོའི་ཕྱག་ལས་ཐད་ནུས་པ་ཆེ་བ་འདོན་རྒྱུའི་རེ་བ་ཡོད་པ་དང་། ཨི་ཐི་པི་ཡ་ནི་ཤར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མི་འབོར་མང་ཤོས་དང་དཔལ་འབྱོར་གནས་སྟངས་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་སྟབས། ཞི་བདེ་དང་ལྷིང་འཇགས། ལེགས་གྲུབ་ལྡན་པའི་ཨི་ཐོ་པི་ཡས་གཞན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་སྲིད་སྐོར་བརྗོད་འདུག

ཨ་བྷེ་ཨག་མེཌ་ནི་ཕྱི་ལོ་ ༡༩༧༦ ཟླ་ ༨ ཚེས་ ༡༥ ཉིན་ཨི་ཐོ་པི་ཡར་སྐྱེས་ཤིང་། ཕྱི་ལོ་ ༢༠༠༧ ལོར་ཨི་ཐོ་པི་ཡའི་ཨེ་ཌིས་ཨ་བྷ་བྷ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཞི་བདེ་དང་བདེ་སྲུང་སྐོར་ནས་འབུམ་རམས་པའི་སློབ་གནས་ཐོན་འདུག་པ་དང་། ཕྱི་ལོ་ ༢༠༡༠ ལོས་ཨི་ཐོ་པི་ཡའི་གྲོས་ཚོགས་འཐུས་མི་དང་བློན་ཆེན་སོགས་སུ་བསྐོ་གཞག་བྱུང་སྟེ་ཨི་ཐོ་པི་ཡའི་གནད་ཡོད་མི་སྣ་གལ་ཆེན་ཞིག་ཏུ་གྱུར་འདུག་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཨི་ཐོ་པི་ཡའི་སྲིད་བློན་གྱིས་རྩ་དགོངས་ཞུས་པར་བརྟེན། གཞུང་འཛིན་ཚོགས་པའི་ཚོགས་མི་བར་ལ་བར་མའི་འོས་བསྡུ་བྱས་པ་བརྒྱུད། ཨ་བྷེ་ཨག་མེཌ་ལགས་སྲིད་བློན་དུ་བསྐོ་གཞག་བྱུང་ཡོད་འདུག ཁོང་སྲིད་བློན་དུ་བསྐོ་གཞག་བྱུང་བ་ནས་བཟུང་སྟེ། ཨི་ཐོ་པི་ཡ་ཁྱོན་ཡོངས་ནང་རང་དབང་གྱི་བཅོས་བསྒྱུར་བཏང་སྟེ་གསར་འགོད་རང་དབང་ཐད་གུ་ཡངས་དང་། སྔར་བཙོན་འཇུག་བྱས་པའི་ཁ་གཏད་སྲིད་དོན་ཚོགས་པའི་མི་རྣམས་བཙོན་གྲོལ་བཏང་འདུག་པ་མ་ཟད། ལྷག་པར་དུ་ཨེ་ཊི་རི་ཡ་དང་ཨི་ཐོ་པི་ཡའི་བར་གྱི་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་ནུས་པ་ཆེན་པོ་བཏོན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༡༡

Leave a Reply

One thought on “ཨི་ཐོ་པི་ཡའི་སྲིད་བློན་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ།