རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་བཟུང་། སྨན་རྩིས་ཡན་ལག་ཁང་གི་སྒོ་སྲུང་འདུག

ཞི་ཅིན་ཕིན་རྒྱ་གར་ནང་བསླེབས་པའི་ཉིན་མོ་དང་བསྟུན་བོད་མི་ལས་འགུལ་བ་མང་པོ་འཛིན་བཟུང་བྱས་པ་དང་ས་གནས་བོད་ཀྱི་སྨན་རྩིས་ཁང་གི་རྒྱལ་སྒོ་ཉེན་རྟོག་པས་སྲུང་སྟེ་བོད་རིགས་ལས་བྱེད་རྣམས་ཕྱི་རུ་འགྲོ་བར་བཀག་སྡོམ་བྱེད་ཀྱི་ཡོད་འདུགདེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཙམ་གྱི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ལྷོ་ཕྱོགས་ཅེ་ནའེ་གྲོང་ཁྱེར་དུ་འབྱོར་ཡོད་པ་དང་། དེ་རིང་ཞོགས་པར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་ཚོགས་མི་སློབ་མ་ ༥ བཅས་ཀྱིས། ཞི་ཅིན་ཕིན་གྱི་སྡོད་གནས་ཅེ་ནའེ་(Chennai)གྲོང་ཁྱེར་གྱི་ཨའེ་ཊི་སི་གྷེ་རེན་ཌི་ཆོ་ལ་མགྲོན་ཁང་ (ITC Grand Chola) མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། རྒྱ་གར་ཉེན་རྟོག་པས་ཁོང་ཚོ་ཚང་མ་འཛིན་བཟུང་བྱས་ཏེ། ད་ལྟ་ས་གནས་ཀྱི་(Guindy Police Station) ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུགདབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་ཞོགས་པ་ཆུ་ཚོད་ ༡༡།༣༠ ཙམ་གྱི་སྟེང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་གཙོས་པའི་ཚོགས་མི་སློབ་མ་ ༥ ཡིས་ངོ་རྒོལ་ལས་འགུལ་སྟེ་བཀག་ཉར་བྱས་ཡོད་འདུག་པ་དང་། དེ་བཞིན་དེ་རིང་ཞོགས་པར་ཅེ་ནའེ་རྒྱལ་སྤྱིའི་གནམ་ཐང་ནས་རྒྱ་གར་ཉེན་རྟོག་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་སློབ་མ་ ༦ འཛིན་བཟུང་བྱས་ཡོད་པ་དང་། ཡང་ཉིན་རྒྱབ་ཞི་ཅིན་ཕིན་ཅེ་ནའེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་གྲབས་ཡོད་སྐབས། ལྡི་ལི་རོ་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་གྱིས་གནམ་ཐང་དུ་བོད་ཀྱི་རྒྱལ་དར་དང་། བོད་ལ་རང་དབང་དགོས་པ། ཞི་ཅིན་ཕིན་ལ་བོད་བཙན་བཟུང་བྱ་རྒྱུ་མཚམས་འཇོག་དགོས་པའི་འཕྲེད་དར་འཕྱར་ནས་འབོད་ཚིག་བསྒྲགས་པར་བརྟེན། ཡུན་རིང་མ་འགོར་བར་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཁྲིད་ཕྱིན་ཡོད་འདུག

གཞན་ཡང་།  ཞི་ཅིན་ཕིན་དང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ཐུད་འཕྲད་བྱ་ཡུལ་མཚོ་ཁའི་མཱ་མཱ་ལཱ་པུ་རམ་ (Mamallapuram) གྲོང་སྡེ་དང་རྒྱང་ཐག་སྤྱི་ལེ་ ༥༠ ཙམ་ལ་ཡོད་པའི་སའེ་དྷ་པེཌ་(Saidapet) ཁུལ་གྱི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ས་གནས་ཉེན་རྟོག་པ་སྐོར་ཞིག་དེ་གའི་སྨན་ཁང་དུ་བསླེབས་ཏེ། སྨན་ཁང་གི་ལས་བྱེད་ཀུན་གྱི་པར་དང་ཁ་པར་ཨང་གྲངས། ངོ་སྤྲོད་ལག་འཁྱེར་སོགས་བསྡུས་ཏེ། ཞི་ཅིན་ཕིན་གྱི་ལྟ་སྐོར་སྐབས་ངོ་རྒོལ་ལས་འགུལ་སྤེལ་མི་ཆོག་པ་མ་ཟད། ཕྱི་ལོགས་ཀྱི་བོད་པའི་སློབ་ཕྲུག་རྣམས་དང་ལྷན་དུ་བོད་དར་འཕྱར་བ་སོགས་བྱས་ཚེ་སོ་སོའི་མི་ཚེ་ལ་དོ་ཕོག་ཐེབས་སྲིད་སྐོར་གྱི་སྡིགས་ར་བསྐུལ་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༡༠ ཡི་དགོང་མོ་ནས་བཟུང་ད་བར་དེ་གའི་སྨན་ཁང་གི་ཕྱིའི་རྒྱལ་སྒོ་རྒྱ་གར་གྱི་ཉེན་རྟོག་པ་ཞིག་གིས་བསྲུངས་ཏེ། སྨན་ཁང་གི་བོད་མི་ལས་བྱེད་སུ་ཡང་རྒྱལ་སྒོའི་ཕྱི་ལ་གཏོང་གི་མེད་པར་བཟང་བཙོན་ལྟ་བུར་བཅུག་ཡོད་པ་དང་། ཕལ་ཆེར་སང་ཉིན་བར་དེ་ལྟར་སྡོད་དགོས་ཀྱི་ཡོད་སྐོར་བརྗོད་སོང་།

ཉིན་གྲངས་གཉིས་རིང་སྐོར་སྐྱོད་ཆེད་དེ་རིང་ཞི་ཅིན་ཕིན་རྒྱ་གར་ནང་འབྱོར་བ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱི་རྒྱ་གར་ནང་གི་ལྟ་སྐོར་དེར་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་སྐོར་དང་། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ནས་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་གནང་སྐབས་བོད་དོན་གླེང་སློང་དང་། རྒྱ་གར་དང་ཏ་མིལ་ནཱ་དྷུ་མངའ་སྡེ་གཞུང་གིས་བསྟན་འཛིན་བརྩོན་འགྲུས་ལགས་དང་། གཞོན་ལྷན་གྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་། རིག་གཞུང་འགན་འཛིན་ཡེ་ཤེས་ཚོས་འཕེལ་ལགས། དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་གཙོས་པའི་ལས་འགུལ་བ་རྣམས་འཕྲལ་དུ་ཀློད་གྲོལ་ཡོང་རྒྱུའི་འབོད་སྐུལ་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༡༡

Leave a Reply

2 thoughts on “རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་བཟུང་། སྨན་རྩིས་ཡན་ལག་ཁང་གི་སྒོ་སྲུང་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    བོད་ཀྱི་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་བོད་དོན་དེ་འཛམ་གླིང་ཧྲིལ་པོའི་སྟེང་གསལ་སྟོན་
    གནང་སོང་ལ་གནས་ཡུལ་རྒྱལ་ཁབ་ཀྱི་མང་གཙོ་ལ་བརྩི་བཀུར་དང་ཆེ་མཐོང་ག་ཚོད་ཡོད་དེ་ཡང་འཛམ་གླིང་ལ་བསྟན་སོང་
    ལ་རྒྱ་དཀར་ནག་བར་གྱི་འབྲེལ་བ་དེ་དཱོགས་པའི་ནང་འགོ་འཁྲིད་གཉིས་འཛམ་གླིང་མི་མང་གི་མདུན་འདྲ་ཆགས་པོ་དང་སྤམ་པོ་
    བྱས་ནས་ཐག་པ་ཙམ་ལས་དོན་དངོས་ཕྱོགས་གཉིས་ཀ་དཱོགས་པའི་ནང་གཅིག་གི་ཚོད་གཅིག་གི་མ་ལོང་ནས་ལོ་ཟླ་ཉི་མ་བྱས་
    ནས་དུས་ཚོད་སྐྱེལ་བཞིན་པ་མ་རེད་དམ་ཧཧཧ

  2. གཞུང་པ་ཚེ་དབང་བསོད་ནམས

    བོད་དོན་དྲིལ་བསྒྲགས་ཟེར་ན་དེ་རེད་འཛམ་གླིང་གི་གསར་འགྱུར་སྡེ་ཚན་འདྲ་མིན་དང་གསར་ཤོག་འདྲ་མིན་ནང་ཐོན་པ་ནས་བོད་དོན་རང་བཞིན་གྱི་དྲིལ་བསྒྲགས་འཛམ་གླིང་ཧྲིལ་པོའི་སྟེང་འགྲོ་བཞིན་པ་ནས་རྒྱག་ག་ལ་མ་ཕན་ནའང་འཕྱར་བ་ཕན་ཟེར་བའི་དཔེ་དེ་མ་རེད་དམ།