འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་ད་དུང་ཀློད་མི་འདུག

ཁ་སང་ཕྱི་དྲོེར་བལ་ཡུལ་ཉེན་རྟོག་པས་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་བཅས་མི་གྲངས་ ༢༧ འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་༢༥ ཀློད་ཡོད་ཀྱང་མི་གྲངས་གཉིས་ད་དུང་བཀག་ཉར་འོག་ཡོད་འདུགབལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་བཟང་པོ་ལགས་སུ་ཞལ་པར་བརྒྱུད་དེའི་སྐོར་དྲིས་པར་ཁོང་གིས། ད་ལན་ཁྱོན་མི་གྲངས་ ༢༧ འཛིན་བཟུང་བྱས་ཡོད་པ་ལས་མི་གྲངས་ ༢༥ ཁ་སང་ཕྱི་དྲོར་ཀློད་གློལ་བཏང་ཡོད་ནའང་། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་འཛིན་བཟུང་བྱས་པའི་བོད་མི་གཉིས་ད་རུང་ཀློད་གྲོལ་བཏང་མེད་པ་ནི་ཁོང་གཉིས་ཀྱི་ཚོང་ཁང་ནང་བོད་ཀྱི་རྒྱལ་དར་དང་། གྱོན་ཆས་དང་རྒྱབ་ཁུག་སྟེང་བོད་དོན་དང་འབྲེལ་བའི་འབོད་ཚིག་ཡོད་པ་སྔོག་བཤེར་སྐབས་ཐོན་ཡོད་སྟབས། དེར་ཁ་མཆུ་རྒྱག་གི་ཡིན་ལབ་ནས་ཀློད་གྲོལ་བཏང་མེད་པས། ཉིན་གྲངས་ ༥ ཙམ་རྗེས་ནས་ཕལ་ཆེར་ཁྲིམས་ཁང་ནས་ཐག་ཆོད་ཡོང་སྐོར་བརྗོད་བྱུང་།

བལ་ཡུལ་གྱི་ཧི་མ་ལ་ཡའི་དུས་བབ་ཀྱི་གཙོས་གསར་ཁང་ཁག་གི་གནས་ཚུལ་ནང་། ཉིན་གྲངས་ ༣ རིང་བལ་ཡུལ་གྱི་རྒྱལ་སའི་ནང་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཁྱོན་མི་གྲངས་ ༢༢ འཛིན་བཟུང་བྱས་ཡོད་པ་ཚོས། ཞི་ཅིན་ཕིན་བལ་ཡུལ་ནང་བསླེབས་པ་དང་བསྟུན་ངོ་རྒོལ་བྱ་འཆར་ཡོད་སྐོར་དང་། རྒྱལ་སའི་འཕགས་པ་ཤིང་ཀུན་ཏུ་མི་གྲངས་ ༥  དང་མཆོད་རྟེན་བྱ་རུང་ཁ་ཤོར་འགྲམ་དུ་མི་གྲངས་ ༩ ཙམ། གནས་ཆེན་ཡང་ལེ་ཤོད་ཆགས་སའི་ཕར་ཕིན་གྲོང་སྡེའི་ (Pharping) ནང་མི་གྲངས་ ༦ དང་། མི་གཉིས་འཛིན་བཟུང་བྱེད་ཡུལ་གྱི་ས་གནས་གསལ་ཁ་མེད་པ་ལས་ཁྱོན་མི་གྲངས་ ༡༡ བོད་མི་སྐྱབས་བཅོལ་བ་ཡིན་སྐོར་བཀོད་འདུགཁ་སང་འདི་གའི་གསར་འགོད་པར་བལ་ཡུལ་གྱི་རྒྱལ་སའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་ཞིག་གིས། རྒྱལ་སའི་ནང་བོད་མི་ཚོར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྟབས། བོད་མི་ཡིག་ཆ་ཡོད་པ་ཁ་ཤས་སྔར་བཞིན་སྲང་ལམ་ལ་འགྲོ་ཡི་ཡོད་ནའང་། བོད་མི་སྐྱབས་བཅོལ་བ་ཡིག་ཆ་མེད་མཁན་ཚོ་ངོ་རྒོལ་ཕར་ཞོག་ཕྱི་ལའང་ཐོན་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་ལ། ཕྱི་ལོ་ ༡༩༨༩ ལོའི་རྗེས་ནས་བསླེབས་པ་ཚོར་སྐྱབས་བཅོལ་ཐོབ་ཐང་སྤྲོད་མཚམས་བཞག་ཡོད་པ་རེད།

བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཨིན་དྷ་ར་པརཱ་སཱཌ་ཨར་ཡཱལ་ (Indra Prasad Aryal) ལགས་ཀྱིས།  ཧི་མ་ལ་ཡའི་དུས་བབ་གསར་འགོད་པར་ཞི་ཅིན་ཕིན་བལ་ཡུལ་ནང་སྐོར་སྐྱོད་བྱེད་རིང་། ཉེན་རྟོག་པ་ ༣ གྱིས་ཉིན་མཚན་མཐུད་དེ་ཁོའི་སྡོད་གནས་སུ་ཡོང་སྟེ། འགྲོ་འདུག་སྐྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱས་པ་ལ་བརྟེན་ནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་བྱེད་ཐུབ་མེད་སྐོར་བརྗོད་འདུག

གཞན་ཡང་། འདི་གའི་གསར་འགོད་པས་དབུས་གཞོན་ནུའི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་སྐད་ཆ་དྲིས་པ་ལྟར་ན། ཁེ་ཉིན་ནས་དབུས་གཞོན་ནུའི་ཚོགས་གཙོ་སོགས་ཀློད་གྲོལ་བཏང་ཡོད་ཀྱང་། ཅེ་ནའི་དབུས་བཙོན་ཁང་དུ་ཡོད་པའི་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་སོགས་ལས་འགུལ་བ་དགུ་དེལའང་ཀློད་མེད་སྟབས། དེ་རིང་སང་ཉིན་ཞིག་ལ་གཏོང་ཡོང་བའི་རེ་བ་གནང་གི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༡༤

Leave a Reply

One thought on “འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་ད་དུང་ཀློད་མི་འདུག

  1. འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་ད་དུང་ཀློད་མི་འདུག 😂 😂 😂 སྐྱག་ཙ་ར་དེ་ཚོ་་་ ད་ཟབ་ཟབ་གནང་ན་ཡག བོད་ལ་ཡོད་པའི་བོད་མི་ཚོའི་དངོས་ནས་ཁ་ཡོད་ལག་ཡོད་ བོད་རྒྱལ་ཁབ་ཐོག་ལ་ སྲོག་རྩ་ཆེན་པོ་དེ་ རང་ལུས་མེར་སྲེག་གནང་པ་རེད། འོ་ཡ་ ཁོང་ཚོ་ལ་༧གོང་ས་མཆོག་ནས་ ད་མཚམས་བཞག་རོགས་གསུངས་ནས་ ཉན་པ་རེད། ད་ དེ་པ་ལ་གཞོན་ནུ་སྐྱག་ཙ་ར་དེ་ཚོ་གཏམ་བརྗོད་ཁྲབ་ཡ་ ཟིང་ཆ་སློང་ཡ་དེ་ཚོ་ ཡག་རྟགས་གང་ཡང་མ་རེད། དེ་ཚོ་རྒྱུག་ཁྱི་རེད། གཞོན་སྐྱེད་གསར་པ་ཚོ་ ཁོང་ཚོའི་མགོ་སྐོར་འོག་ལ་མ་ཚུད་པ་བྱ་འགལ་ཆེ། ཐུགས་རྗེ་གཟིགས། 👍🙏 ཁོང་ཚོ་ཀློད་ན་ཀློད། མ་ཀློད་ན་མ་ཀློད། འུ་ཅག་ལ་ ཁྱད་པར་གང་ཡང་མོ། ཁྲབ་མཁན་དང་འཛིན་བཟུང་བྱེད་མཁན་ ཁོང་ཚོ་ གྲོགས་པོ་རྙིང་པ་རེད། 😂 😂 😂