སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།

ནོར་བསམ།

གལ་སྲིད་ཁྱེད་རང་སྐད་ཡིག་གཉིས་པ་སློབ་ཁྲིད་བྱེད་མཁན་དགེ་རྒན་ཞིག་ཡིན་ན། སློབ་ཁྲིད་མ་བྱས་སྔོན་ལ་ཁྱེད་ཀྱིས་དྲན་དགོས་པའི་གནད་དོན་རེ་ཟུང་ཡོད། དང་པོ། ཁྱེད་ཀྱིས་འཁྲིད་བཞིན་པའི་སྐད་ཡིག་སློབ་ཚན་ལེགས་གྲུབ་ཡོང་ཐབས་སུ་སྐད་ཡིག་དེའི་དགོས་མཁོ་ཇི་ཡིན་ཁ་གསལ་པོ་ཤེས་དགོས། གཉིས་པ། སློབ་ཕྲུག་གི་ཤེས་ཚད་དང་ལོ་ཚད་ལ་ངེས་པར་དུ་ཐུགས་ཞིབ་ཀྱིས་འཁྲིད་གཞིའི་སློབ་ཚན་འཆར་གཞི་ཚད་ལྡན་བཟོ་དགོས། གསུམ་པ། ཐབས་ལམ་འདྲ་མིན་ཐོག་ནས་སློབ་ཕྲུག་གི་སེམས་ཁམས་ལ་གནོད་སྐྱོན་མེད་པར་ནོར་འཁྲུལ་ཡོ་སངས་ཡོང་ཐུབ་པ་བྱ་དགོས། ད་དུང་སློབ་ཕྲུག་གིས་སློབ་ཚན་ཡག་པོ་ཤེས་ཆེད་སློབ་ཚན་ག་རེ་སྔོན་ལ་འཁྲིད་དགོས་མིན་ཤེས་དགོས་ལ། སློབ་ཁྲིད་ཐབས་ལམ་གཅིག་རང་མིན་པར་ཐབས་ལམ་འདྲ་མིན་བེད་སྤྱོད་བྱ་དགོས། སློབ་ཚན་འཆར་གཞི་གྲ་སྒྲིག་གནང་རྒྱུ་ཧ་ཅང་གལ་ཆེ་ཡང་། སྐབས་རེ་འཛིན་ཁང་ནང་སློབ་ཚན་འཆར་གཞི་ལྟར་སློབ་ཁྲིད་བྱེད་མི་ཐུབ་པའི་གནས་སྟངས་བྱུང་སྐབས་སློབ་ཕྲུག་གི་ཁམས་དང་མོས་པ་ལ་གཞིགས་ཏེ་སློབ་ཁྲིད་བྱ་དགོས་པ་ལས། ཨུ་ཚུགས་ཀྱིས་སློབ་ཚན་འཆར་གཞི་བསྒྲུབ་ཐབས་གནང་ན་མི་འགྲིག རྒྱུ་མཚན་ནི། དགེ་རྒན་གྱིས་སློབ་ཕྲུག་གི་ཆེད་དུ་སློབ་ཁྲིད་གནང་བ་ལས་སློབ་ཚན་འཆར་གཞིའི་ཆེད་དུ་སློབ་ཁྲིད་གནང་གི་མེད།

སྐད་ཡིག་ནི་རྩལ་ཞིག་ཡིན་སྟབས་སྐད་ཡིག་སྦྱོང་དོན་ཡང་བཤད་རྩལ་དང་། འབྲི་རྩལ། ཉན་རྩལ། ཀློག་རྩལ་སོགས་ཡར་རྒྱས་ཡོང་ཐབས་སུ་དམིགས་དགོས། སྐད་ཡིག་སློབ་ཚན་འཁྲིད་སྐབས་སློབ་ཚན་གི་ནང་དོན་ལས་ཀློག་རྩལ་དང་། འབྲི་རྩལ་སོགས་ཡར་རྒྱས་གཏོང་ཐབས་སུ་འབད་དགོས། དཔེར་ན། སྐད་ཡིག་དགེ་རྒན་མང་པོ་ཞིག་གིས་རྩོམ་ཡིག་སློབ་ཁྲིད་གནང་སྐབས་འབྲི་རྩལ་ཡར་རྒྱས་གཏོང་ཐབས་སློབ་ཁྲིད་མི་བྱེད་པར་རྩོམ་ཡིག་ནང་དོན་འགྲེལ་བཤད་རྒྱབ་ནས་བཞག་པ་ནི་ནོར་འཁྲུལ་རེད། རྩོམ་ཡིག་སློབ་ཁྲིད་ཀྱི་དགོས་དོན་གཙོ་བོ་འབྲི་རྩལ་ཡར་རྒྱས་གཏོང་རྒྱུ་དང་། སློབ་ཕྲུག་གིས་རྩོམ་ཡིག་འབྲི་སྟངས་ཤེས་པ་བྱ་རྒྱུ་ཡིན་པ་བརྗེད་མི་རུང་།

སྐད་ཡིག་དགེ་རྒན་ཚོས་སློབ་ཕྲུག་གི་ཤེས་ཚད་དང་། ལོ་ཚད་ལ་གཞིགས་ནས་སྔོན་ལ་སྐད་ཡིག་གི་རྩལ་ག་རེ་ཡར་རྒྱས་གཏོང་ཐབས་སུ་སློབ་ཁྲིད་གང་ཞིག་བྱ་དགོས་མིན་ལ་བསམ་གཞིགས་ནན་པོ་བྱ་དགོས། དཔེར་ན། ཕྱི་ལོ་ ༢༠༠༧ ནས་ ༢༠༡༡ བར་ཉི་ཧོང་གཞུང་ནས་དམའ་རིམ་སློབ་གྲྭའི་བསླབ་གཞི་རྩ་འཛིན་ནང་བཤད་རྩལ་དང་ཉན་རྩལ་ཡར་རྒྱས་གཏོང་ཐབས་ལས་འབྲི་རྩལ་སྦྱོང་བརྡར་བྱ་རྒྱུ་མེད་པ་བཟོས་ཡོད་འདུག བོད་ཀྱི་སྐད་ཡིག་རྒན་ལགས་དང་འབྲེལ་ཡོད་ཚོས་ཀྱང་སློབ་ཕྲུག་གི་ལོ་ཚད་དང་ཤེས་ཚད་ལ་གཞིགས་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེ་སྙམ།

དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མིའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སྦྱོང་སའི་ཁོར་ཡུག་ཁྱིམ་ཚང་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་གཉིས་གཙོ་བོ་ཆགས་ཡོད། འོ་ན། ཕ་མ་དང་། དགེ་རྒན་རྣམ་པས་ཕྱི་རྒྱལ་ལ་ཡོད་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དེ་ཉིད་སྐད་ཡིག་དང་པོ་དང་། སྐད་ཡིག་གཉིས་པ། ཕྱི་རྒྱལ་སྐད་ཡིག་གང་གི་ངོ་བོའི་ཐོག་ནས་སློབ་ཁྲིད་བྱ་ཡི་ཡོད་དམ། སྐད་ཡིག་དང་པོ་དང་། གཉིས་པ། ཕྱི་རྒྱལ་སྐད་ཡིག་བཅས་སྦྱོང་སྟངས་ཐད་མི་འདྲ་བའི་ཁྱད་པར་ཡོད་པ་མཁྱེན་དགོས། ཕྲུ་གུ་ཞིག་གིས་སྐད་ཡིག་མང་པོ་ཇི་ཙམ་སྦྱང་ནའང་། སྐད་ཡིག་གཉིས་པ་དང་། གསུམ་པ་སོགས་ཁོའི་སྐད་ཡིག་དང་པོ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། འོ་ན། སྐད་ཡིག་དང་པོ་དང་། གཉིས་པར་ངོས་འཛིན་ཇི་ལྟར་བྱེད་དགོས་སམ། སྐད་ཡིག་དང་པོ་ནི་ཕ་སྐད་ལ་ངོས་འཛིན་བྱེད་མཁན་ཡོད། གང་ལྟར་སྐྱེས་ནས་བཟུང་སྤྱི་ཚོགས་ཀྱི་བརྒྱུད་རིམ་ཁྲོད་ཆེད་དུ་སྦྱང་པ་མིན་པར་མྱོང་འདྲིས་ཀྱིས་ཤེས་པའི་སྐད་ཡིག་ལ་ངོས་འཛིན་བྱེད་མཁན་ཡོད། དཔེར་ན། བོད་མི་རྒན་པ་ཚོས་བོད་སྐད་ཐོག་མར་ཇི་ལྟར་སྦྱངས་མིན་མི་ཤེས་ནའང་། ད་ལྟ་བོད་སྐད་ཡག་པོ་སྐྱོན་ཤེས་ཀྱི་ཡོད་ལ། གཞན་གྱིས་བཤད་པ་རྣམས་ཉན་ཐུབ་ཀྱི་ཡོད། འོན་ཀྱང་། སྐད་ཡིག་གཉིས་པ་ནི་ཆེད་དུ་སྦྱོང་དགོས་པ་ལས་རང་གི་སྐྱེས་ནས་བཟུང་མྱོང་འདྲིས་ཀྱིས་ཤེས་པའི་སྐད་ཡིག་མ་རེད། དཔེར་ན། བོད་མི་རྒན་པ་ཚོས་ཨིན་སྐད་ཆེད་དུ་སྦྱངས་ནས་ཤེས་པ་ལྟ་བུ་རེད། ད་དུང་སྐད་ཡིག་དང་པོ་ནི་མི་ཞིག་གི་མི་ཚེའི་ནང་ལ་འདམ་ཀ་བྱེད་ས་མེད་པར་རང་བཞིན་གྱིས་མི་ཚེའི་ནང་སླེབས་པའི་སྐད་ཡིག་ཡིན་པ་དང་། སྐད་ཡིག་གཉིས་པ་ནི་འདམ་ཀ་ཡོད་པའི་ཐོག་ནས་རང་ཉིད་ཀྱི་དགོས་དབང་ལ་གཞིགས་ནས་སྦྱོང་རྒྱུའི་སྐད་ཡིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད། འོ་ན། ཕྱི་རྒྱལ་ལ་ཡོད་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་སྐབས་སྐད་ཡིག་དང་པོ་དང་། སྐད་ཡིག་གཉིས་པ། ཡང་ན་ཕྱི་རྒྱལ་སྐད་ཡིག་གང་གི་ཐོག་ནས་སློབ་ཁྲིད་བྱ་དགོས་པ་གསལ་པོ་མཁྱེན་རྒྱུ་གལ་ཆེའོ། །

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༠/༡༥

Leave a Reply

One thought on “སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།

  1. ལྷག་པ་དོན་གྲུབ།

    ཕྲན་གྱིས་གོ་ཐོས་ལ། ཕྱི་ལོ་ ༡༩༨༧ ལོར་བོད་རང་སྐྱོང་ལྗོངས་ཀྱི་ནང་སྐད་ཡིག་གཙོ་བོ་བོད་ཀྱི་སྐད་ཡིག་ཡིན་པ་ཁུལ་རིམ་པའི་བཅའ་ཁྲིམས་ནང་གསལ་བཀོད་བྱས་ཡོད་ནའང་། ཕྱིས་སུ་ཕྱི་ལོ་ ༢༠༠༠ ལོའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་སྐད་ཡིག་གཙོ་བོ་རྒྱའི་སྐད་ཡིག་དང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་ན་འགྲིག་པ་གསལ་ཡོད་འདུག ཕྱི་ལོ་ ༡༩༨༧ ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་སྐུ་འཚོ་བཞུགས་ཡིན་སྟབས་ཕལ་ཆེར་བདེན་པ་རེད་སྙམ།

    དེང་སྐབས་བོད་ནང་ལ་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཙོ་བོ་མིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བོད་མི་མང་ཆེ་བ་ནུབ་ཁུལ་ལ་གཞིས་སྤོས་ཀྱིས་བོད་ཀྱི་སྐད་ཡིག་ནི་བོད་ཕྲུག་གིས་སྐད་ཡིག་གཉིས་པའམ། ཕྱི་རྒྱལ་སྐད་ཡིག་ངོ་བོའི་ཐོག་ནས་སློབ་ཁྲིད་བྱེད་བཞིན་ཡོད་སྟབས། གོང་གསལ་རྩོམ་ཡིག་དེ་མུ་མཐུད་ནས་སྤེལ་ཐུབ་པ་ཡིན་ན་བོད་ཀྱི་སྐད་ཡིག་དུས་དང་སྐབས་ལ་གཞིགས་པས་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་སྙམ། འབྲི་པ་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་དུས་བབ་གསར་ཁང་ནས་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།