དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་བཅའ་ཕུལ།

དེ་རིང་སྔ་དྲོར་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་ཚོགས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག གངས་སྐྱིད་བོད་ཁང་ཆེན་མོའི་ཚོགས་ཁང་དུ། དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་དབུས་སྲིད་ཚབ་དང་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་སྲི་ཞུ་ལས་བྱེད། དྷ་སའི་ས་གནས་མགོ་འཛིན་གྱི་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མི་གྲངས་ ༢༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་དང་འདེམས་ཐོན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། འདེམས་ཐོན་ཁྲིམས་ཞིབ་པ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་སོང་།

གསར་འགོད་པས་འདེམས་ཐོན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ལ་ཐུགས་ཚོར་ཅི་བྱུང་བཀའ་འདྲི་ཞུས་པར། ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་གནང་ནས་ད་ལྟ་དམ་འབུལ་ཞུས་པ་རེད། གལ་ཆེ་ཤོས་དེ་ནི་ང་ཚོ་དམངས་གཙོ་ཡང་དག་པ་ཞིག་གི་འོག་འགྲོ་ཡི་ཡོད་ན་ང་ཚོས་བཅའ་ཁྲིམས་ཀྱི་སྒྲིག་གཞི་དེ་ཚོ་གོང་དུ་བཀུར་དགོས་པ་རེད་བསམ་གྱི་འདུག དམངས་གཙོའི་ཀ་བ་གསུམ་སོ་སོ་ལ་ལས་འགན་རེ་ཡོད་པ་རེད། དེ་ཡོད་པའི་ཐོག་ནས་གལ་ཆེ་ཤོས་ནི་མ་འོངས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གོང་དུ་བཀུར་བའི་ཐོག་ནས་ལས་ཀ་བྱེད་པའི་འདོད་པ་ཡོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་གསར་འགོད་པས་ཁ་སང་ཁ་མཆུ་ཨང་ ༢༠ པ་དེ་མཇུག་སྒྲིལ་ཡོད་པ་དང་ཁ་མཆུ་ཨང་ ༢༡ དང་ ༢༢ གཉིས་དེབ་སྐྱེལ་ཟིན་ཡོད་སྐོར་ཐོས་བྱུང་བས། དེའི་ཐོག་ལ་ཕྱག་བསྟར་གནང་ཕྱོགས་གང་འདྲ་ཡིན་མིན་བཀའ་འདྲི་ཞུས་པར། ད་ལྟ་དམ་བཅའ་ཞུས་ཚར་ཙམ་ཡིན་སྟབས། དེའི་སྐོར་ལ་བསམ་བློ་བཏང་མེད་སྐོར་གསུངས་སོང་།དྭགས་པོ་བསོད་ནམས་ནོར་བུ་མཆོག་ནི་་ཕྱི་ལོ་ ༡༩༨༨ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཆབ་སྲིད་སྡེ་ཚན་གྱི་རྒན་དྲུང་དུ་ཐོག་མར་བསྐོ་བཞག་གནང་ཡོད་པ་དང་།  ཕྱི་ལོ་ ༡༩༩༠ ལོར་གནས་རིམ་སྤར་ཏེ་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་དང་ཟུང་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༣ ལོར་ཨ་རིར་གཞུང་འབྲེལ་སློབ་སྦྱོང་དུ་ཕེབས། ཕྱི་ལོ་ ༡༩༩༤ ལོར་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་འབྲེལ་མཐུད་འགན་འཛིན་དུ་བསྐོས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་དང་། ཕྱི་ལོ་ ༡༩༩༩ ལོ་ནས་ ༢༠༠༤ བར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་དྲུང་ཆེའི་ཕྱག་ལས་གནང་།  ཕྱི་ལོ་༢༠༠༩ ལོར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོས་བ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཕྱི་འབྲེལ་དྲུང་ཆེ་ཡི་ཕྱག་ལས་གནང་ཡོད་པ་བཅས། བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༣༧ ཙམ་གྱི་རིང་ཕྱག་ལས་གནང་ཡོད་པ་དང་། དེ་སྔོན་བོད་རྒྱ་ཞི་མོལ་ཆེད་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གནང་སྟེ་རྒྱ་ནག་ཏུའང་ཕེབས་མྱོང་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༩ ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཕུད་པའི་ངོ་ཡོད་སྤྱི་འཐུས་ ༤༢ ཀྱིས་འོས་ཤོག་བླུགས་པ་བརྒྱུད། དྭགས་པོ་བསོད་ནམས་ནོར་བུ་མཆོག་ཁྲིམས་ཞིབ་པ་ཆེ་བར་མང་མོས་འདེམས་ཐོན་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༡༥

Leave a Reply

One thought on “དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་བཅའ་ཕུལ།

  1. གཞུང་པ་ཚེ་དབང་བསོད་ནམས

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་ལས་དམངས་གཙོ་ཟེར་བའི་གྲལ་རིམ་གྱི་ཐ་སྙད་ཚིག་གཅིག་འཁོད་མེད་
    ན་འདིར་དམངས་གཙོ་ཟེར་བའི་གྲལ་རིམ་གྱི་ཐ་སྙད་རྩལ་དུ་སྟོན་པ་འདི་གསར་འགོད་པས་ནོར་བ་རེད་དམ་ཁྲིམས་དཔོན་
    གྱི་ནོར་བ་རེད་མི་མང་ལ་གསལ་པོ་བཟོ་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་
    བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་མ་རེད་དམ།