བོད་མི་ནོར་བཟང་ལཊ་གོ་ཐོས་མེད་པར་གྱུར།

རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་པའི་བོད་ནག་ཆུ་ས་ཁུལ་གྱི་བོད་མི་ལྔ་ཀློད་གྲོལ་བཏང་ཡོད་ཀྱང་བོད་མི་གཅིག་གོ་ཐོས་མེད་པར་གྱུར་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༩ པའི་ཟླ་མཇུག་ཙམ་ལ་བོད་ནག་ཆུ་ས་ཁུལ་རྟར་ཆེན་གྲོང་རྡལ་དུ། རྒྱ་ནག་གཞུང་གིས་བོད་མི་ ༦ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པའི་ཁྲོད་ནས་མི་ ༥ ཀློད་གྲོལ་བཏང་ཡོད་ན་ཡང་། བོད་མི་ནོར་བཟང་ལགས་གོ་ཐོས་མེད་པར་གྱུར་ཡོད་པ་མ་ཟད། ཉེན་རྟོག་མི་སྣས་རླངས་འཁོར་ལྔ་དྲུག་ཅིག་བཏང་ནས་སྲ་བྷ་གྲོང་སྡེའི་ནོར་བཟང་ཚང་གི་ཉེ་འཁོར་སོགས་སུ་སྐོར་སྐྱོད་བྱས་ཡོད་པ་མ་ཟད། རླངས་འཁོར་གྱི་གློག་དམར་སྦར་ནས་འཇིགས་སྐུལ་ཉེན་བརྡ་སོགས་བཏང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། བོད་མི་དེ་དག་འཛིན་བཟུང་བྱེད་དོན་ནི་ཉེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་བསླེབ་ཉེ་བ་དང་བསྟུན། རྟར་ཆེན་ཡུལ་ཚོའི་སྲིད་གཞུང་གི་ལས་བྱེད་མི་སྣ་འགའ་ཞིག་སྐོར་སྐྱོད་ལ་ཡོང་གི་ཡོད་བརྗོད་དེ། སྲིད་གཞུང་གིས་བསྐོ་གཞག་བྱས་པའི་མི་སྣ་ཚོས་གང་བྱུང་བོད་མི་ཚོར་འདྲི་རྩད་བྱེད་སྐབས། ནོར་བཟང་ལགས་ཀྱི་རྣམ་འགྱུར་ཡག་པོ་མེད་པར་བསྙད་ནས་གྲོང་རྡལ་དུ་འབོད་འགུག་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་དང་། ནོར་བཟང་ལགས་དགུང་ལོ་ ༣༥ ཡིན་སྐོར་བརྗོད་བྱུང་།

ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་། བོད་མི་ ༦ དེ་རྟར་ཆེན་གྲོང་རྡལ་ཤག་རོང་པོ་དགོན་གྱི་ཡུལ་སྡེ་གེ་སོའི་ཚ་ལྷིས་དང་སྲ་བྷ་གྲོང་ནས་ཡིན་པ་དང་། ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་དང་བསྟུན། བོད་མི་ཚོས་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ། དམར་ཤོག་ཚོགས་པར་བསྟོད་གླུ་ལེན་དགོས་སྐོར་བཙན་སྐུལ་བྱས་པ་དྭང་ལེན་མ་བྱས་པ་སོགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་རྗེས་ནང་མི་སོགས་མི་སུ་གང་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་།  ནང་མི་ཚོས་ཟ་མ་དང་ཉལ་ཆས་སོགས་སྐྱེལ་ཆོག་པའི་རེ་བ་ཞུས་ཡོད་ཀྱང་སྤྲོད་དུ་བཅུག་མེད་པ་མ་ཟད། དེ་ལྟར་བྱས་ཚེ་ཉིན་གྲངས་མང་པོའི་རིང་བཀག་ཉར་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༡༥

Leave a Reply