སློབ་དཔོན་ནཱ་ཎག་མཆོག་གི་བསླབ་བྱ་རྣམས་ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་རེད།

༧གོང་ས་མཆོག་གིས་དེང་དུས་ཀྱི་སློབ་གསོ་དང་ནང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ཀྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གཉིས་མཉམ་འབྲེལ་བྱེད་པའི་ནུས་པ་རྒྱ་གར་ལ་ཡོད་པས་འཛམ་གླིང་ནང་སྣེ་འཁྲིད་དགོས་སྐོར་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ཅཱན་དྷི་གྷར་གཙུག་ལག་སློབ་ཆེན་དུ་ཆིབས་བསྒྱུར་བསྐྱངས་ཏེ། དེ་གའི་དགེ་ལས་སློབ་མ་རྣམས་ལ་སློབ་དཔོན་ནཱ་ཎག་གི་གསུང་ལས་དེང་རབས་སློབ་གསོའི་ཁྲོད་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཐོག་ལ་བཀའ་སློབ་བསྩལ་གནང་ཡོད་པ་དང་། གཙུག་ལག་སློབ་ཆེན་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འདི་ལོའི་འཛམ་གླིང་ཆོས་ལུགས་དབུ་འཁྲིད་ཀྱི་མཚན་སྙན་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་འདུག

དུས་དྲན་མཛད་སྒོའི་སྐབས་༧གོང་ས་མཆོག་གིས། སློབ་གསོ་དང་ཚན་རིག་ལ་བརྟེན་ནས་དེང་སྐབས་ཕྱི་དངོས་པོ་དང་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་། ནང་སེམས་ལ་ཆ་བཞག་ནས་བཤད་ན་དེང་སྐབས་ཀྱི་འཛམ་གླིང་འདིའི་ནང་དོན་དམ་གྱི་ནང་སེམས་ཀྱི་ཞི་བདེས་འདང་གི་མེད་པར་ཕྲག་དོག་དང་ཁོང་ཁྲོ། ཞེད་སྣང་གིས་ཁེངས་ཡོད་པ་རེད། དེ་བས་ཕྱི་དངོས་པོའི་སློབ་གསོ་གཅིག་པུས་ནང་སེམས་ཀྱི་དཀའ་ངལ་སེལ་པར་འདང་གི་མེད་པར། རྒྱ་གར་གྱི་སྙིང་རྗེ་དང་འཚེ་མེད་ཞི་བའི་རིག་གཞུང་དེ་ནི་དེང་སྐབས་ཀྱི་འཛམ་གླིང་འདི་དང་ཧ་ཅང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ངོས་ཀྱིས་མཐོང་གི་འདུག ངོས་ནི་ད་ལྟ་ལོ་ ༨༤ ལ་སོན་ཡོད་ལ་ད་ལྟ་ངོས་ནས་ཆོས་ལུགས་གཞིར་མ་བཞག་པའི་བཟང་སྤྱོད་གཙོར་བཟུང་གི་ལོ་ངོ་སྟོང་ཕྲག་འགའི་རིང་གི་རྒྱ་གར་གྱི་ནང་སེམས་འདུལ་བའི་རིག་གཞུང་དེ་ཧ་ཅང་མཁོ་བ་ཚོར་གྱི་འདུག ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ངོས་རང་རྒྱ་གར་ལ་བསླེབས་རྗེས་ཡུ་རོབ་དང་ཨ་རི། ཨུ་རུ་སུ་མནའ་འབྲེལ་སོགས་སུ་སོང་ནས་རིམ་པས་ངོས་ཀྱི་སེམས་ལ་ནཱ་ལེནྜ་ནས་བརྒྱུད་པའི་རིག་གཞུང་དེ་ནི་དེང་སྐབས་ཀྱི་འཛམ་གླིང་ལ་ཧ་ཅང་མཁོ་བ་དང་དེའི་འབྱུང་ཁུངས་ནི་རྒྱ་གར་ཡིན་སྟབས་རྒྱ་གར་བའི་རིག་གཞུང་ཡིན་ནའང་། དེང་སྐབས་ཀྱི་རྒྱ་གར་གྱིས་དེ་ལ་སྣང་མེད་ལྟ་བུར་བཞག་ཡོད་པས། རྒྱ་གར་གྱིས་ནང་སེམས་དང་འབྲེལ་བའི་ཚད་མའི་རིག་གཞུང་འདི་སླར་གསོ་ཡོང་ཐབས་ལ་འབད་བརྩོན་བྱ་དགོས་པ་རེད། ཕྱི་དངོས་པོའི་སློབ་གསོ་ཁོ་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་མི་ཐུབ་པས་འཛམ་གླིང་འདིའི་ཐོག་ཕྱི་དངོས་པོ་དང་ནང་སེམས་ཀྱི་སློབ་གསོ་གཉིས་ཀ་ཧ་ཅང་མཁོ་བ་དང་། རྒྱ་གར་ལ་ཚན་རིག་དང་འཕྲུལ་རིག་སོགས་ལ་འབྲེལ་བའི་དེང་སྐབས་ཀྱི་ཕྱི་དངོས་པོའི་སློབ་གསོ་དང་། ནང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ཀྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གཉིས་མཉམ་འབྲེལ་བྱེད་པའི་ནུས་པ་ཡོད་པ་རེད་ལ། རྒྱ་གར་གྱིས་འདིའི་ཐོག་འཛམ་གླིང་ནང་སྣེ་འཁྲིད་དགོས་པ་རེད། ཅེས་གསུངས་སོང་།

རྒྱ་གར་ནང་གཞི་རྩའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་བརྟེན་ནས་ཆོས་ལུགས་ཀྱི་དབུ་འཁྲིད་རླབས་ཆེན་མང་པོ་འཁྲུངས་ཡོད་པ་ལས་སློབ་དཔོན་ནཱ་ཎག་ནི་དཔེ་མཚོན་གཅིག་ཡིན་པ་དང་། ཁོང་གི་འཚེ་མེད་ཞི་བ་དང་བྱམས་བརྩེ། ཆོས་ལུགས་རིས་མེད་བཅས་ལ་བརྟེན་ནས་ཁོང་གི་རྗེས་འཇུག་པའི་ཁྲོད་སྤྲང་བོ་ཕལ་ཆེར་མེད་པར་ཆོས་ལ་དད་པ་ཡོད་ཐོག་ཚང་མ་སྒྱིད་ལུག་མིན་པར་ལས་ལ་བརྩོན་པོ་རྐྱང་ཡིན་པས་ཡག་པོ་ཡིན་སྐོར་དང་། ཁོང་དང་རྒྱ་གར་བའི་ཆོས་ཀྱི་དབུ་འཁྲིད་ཚོ་དྲན་གསོ་བྱེད་པ་ཙམ་མིན་པར་ཁོང་ཚོའི་བསླབ་བྱ་རྣམས་ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱ་གལ་ཆེ་སྐོར་སོགས་གསུངས་སོང་།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༧ཁོང་གི་སྐུ་ཚེ་ཕལ་ཆེ་བ་རྒྱ་གར་ནང་སྐྱེལ་པས་རྒྱ་གར་གཞུང་གི་མགྲོན་པོ་རྒྱུན་རིང་ཤོས་སུ་གྱུར་ཡོད་པ་དང་། རྒྱ་གར་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་དང་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ལ་ནང་སེམས་ཞི་བདེ་བསྐྲུན་ཐབས་ཀྱི་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད་སྐོར་དང་། འཛམ་གླིང་འདིའི་ནང་ཆོས་ལུགས་ལ་དད་མཁན་མི་དད་མཁན་འདྲ་མིན་ཡོད་ནའང་སེམས་ལ་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་སྟབས། རྒྱ་གར་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ནང་སེམས་ཞི་བདེ་ཡོང་ཐབས་ནི་རླབས་ཆེན་ཡིན་པ། ༧ཁོང་ས་ཕྱོགས་གང་དུ་ཕེབས་ཀྱང་འདིའི་སྐོར་གསུང་གི་ཡོད་པས་༧ཁོང་ནི་རྒྱ་གར་གྱི་ཕོ་ཉ་ལྟ་བུར་ངོས་འཛིན་གནང་གི་ཡོད་སྐོར་སོགས་གསུངས་སོང་།འཛམ་གླིང་འདི་མཚོན་ཆ་མེད་པ་ཞིག་ལ་བསྒྱུར་དགོས་པའི་ཐད་༧གོང་ས་མཆོག་གིས། ངོས་ཀྱི་བསམ་པར་དུས་རབས་ཉེར་གཅིག་གི་ཕྱི་མ་ནི་སློབ་གསོ་བརྒྱུད་སྔར་ལྷག་ཞི་བདེ་དང་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་ལ་འགྱུར་ཐབས་ཡོད་པ་ལས་དད་པས་བསྐྲུན་ཐབས་མེད་པ་དང་། ངོས་ཀྱི་རེ་བ་གཅིག་ནི་འཛམ་གླིང་འདི་མཚོན་ཆ་དང་བྲལ་བ་ཞིག་ལ་བསྒྱུར་རྒྱུ་དེ་ཡིན། ཕྱོགས་གཉིས་ལ་མི་མཐུན་པའི་གནད་དོན་ཞིག་དང་འཕྲད་ཚེ་དུས་རབས་ཉེར་གཅིག་ནང་ངེས་པར་གྲོས་མོལ་བརྒྱུད་སེལ་དགོས་པ་ལས། མཚོན་ཆ་ནི་གྲོས་མོལ་ཆེད་མིན་པར་གསོད་ཆེད་ཡིན་པ་རེད། མཚོན་ཆ་བཀོལ་ནས་དཀའ་རྙོག་སེལ་བ་ནི་དུས་ཡོལ་བ་རེད། དམག་འཁྲུག་བྱེད་དགོས་པའི་ལྟ་ཚུལ་ནི་ཞིང་བྲན་རིང་ལུགས་དང་འབྲེལ་བ་ཡོད་པ་དང་ད་ལྟ་ལམ་ལུགས་དེ་མཇུག་སྒྲིལ་བ་རེད། ད་ལྟ་ང་ཚོ་དམངས་གཙོའི་འཛམ་གླིང་ནང་ཡོད་པས་འཛམ་གླིང་འདི་མི་མང་ལ་དབང་བ་ལས་རྒྱལ་བོ་དང་རྒྱལ་མོ། དེ་བཞིན་ཆོས་ལུགས་ཀྱི་དབུ་འཁྲིད་བྱེ་བྲག་པ་རེ་ཟུང་ལ་དབང་བ་མ་རེད། གནའ་བོའི་དུས་སུ་དམག་འཁྲུག་ནི་གང་ཟག་གཅིག་གི་བཀའ་རྒྱའི་འོག་རྒྱག་གི་ཡོད་པས་ཞིང་བྲན་ལམ་ལུགས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། དམག་མི་ཚང་མའི་རང་ཉིད་ཀྱི་སྲོག་ལ་གཅེས་ཀྱི་ཡོད་པས་བཀའ་རྒྱ་མེད་ཚེ་སྲོག་འདོར་འདོད་མེད་པ་རེད། དེ་ལྟ་བུའི་ལམ་ལུགས་ནི་ད་ལྟ་དུས་ཚོད་ཡོལ་བ་རེད། ཅེས་གསུངས་སོང་།

སློབ་མ་ཞིག་གིས་སློབ་དཔོན་ནཱ་ཎག་མཆོག་གི་དགོངས་བཞེས་ངོ་མ་སྒྲུབ་ཆེད་གང་བྱེད་དགོས་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། བྱམས་བརྩེ་དང་། འཚེ་མེད། ཆོས་ལུགས་མཐུན་འབྲེལ་བཅས་ནི་སློབ་དཔོན་ནཱ་ཎག་གིས་མིག་དཔེར་གནང་བའི་རྒྱ་གར་གྱི་ལོ་ངོ་སྟོང་འགའི་སྔོན་གྱི་རིག་གཞུང་ཞིག་ཡིན་པར་བསམ་གྱི་ཡོད། དེར་བརྟེན་ང་ཚོ་ཁོང་གི་མིག་དཔེའི་རྗེས་སུ་འབྲང་དགོས་ཀྱི་ཡོད་པ་རེད། ཅེས་དང་། ཡང་སློབ་མ་ཞིག་གིས་དེང་སྐབས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་བཞིན་པའི་གནས་སྟངས་ཐད་༧གོང་ས་མཆོག་ལ་དགོངས་ཚུལ་གང་ཡོད་མེད་དྲིས་པར་ཁོང་གིས། ང་རང་བོད་ལ་ཡོད་དུས་ཁོར་ཡུག་གི་གལ་གནད་སྐོར་ནས་གང་ཡང་ཤེས་ཀྱི་མེད། ཕྱིས་སུ་ང་རང་རྒྱ་གར་ལ་བསླེབས་པ་དང་ཡུ་རོབ་ཀྱི་རྒྱལ་ཁབ་དག་ལ་སྐྱོད་སྐབས་ཆུ་ཡིན་པ་གཅིག་མཚུངས་ཡིན་ཡང་། མི་འགས་ཆུ་དེ་ཧ་ཅང་འབག་བཙོག་ཡིན་པས་འཐུང་མི་ཉན་སྐོར་བཤད་སོང་། དུས་དེ་ནས་ངས་ཁོར་ཡུག་འབག་བཙོག་དེ་གནད་དོན་ཚབས་ཆེན་ཞིག་ཡིན་པ་ཤེས་བྱུང་། དེ་བཞིན་སི་ཝི་ཌན་གྱི་སི་ཊོག་ཧོམ་གྱི་དཀྱིལ་དབུས་དེར་ཆུ་མོ་ཞིག་བཞུར་གྱི་ཡོད་པ་དེ་སྔ་བཙོག་དྲག་པའི་རྐྱེན་གྱིས་ཆུའི་ནང་ཉ་མེད་ཀྱང་། ཕྱིས་སུ་དོན་གཉེར་ཅན་གྱི་མི་དང་བཟོ་གྲྭ་ཁག་གིས་ཀྱང་ཡིད་གཟབ་བྱས་པའི་རྐྱེན་གྱིས་རིམ་པས་ཉ་འཚོ་གནས་ཐུབ་ཡོད། དེར་བརྟེན་ང་ཚོས་བྱེད་ཐུབ་ཀྱི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༡༧

Leave a Reply