ཨ་རིའི་གྲོས་ཚོགས་འོག་མའི་ནང་ཧོང་ཀོང་གི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ།

ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་མོས་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཚོགས་གོང་མར་ཕུལ་ཡོད་འདུགཁ་སང་ཕྱི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་རྒོལ་ལས་འགུལ་དང་བསྟུན་ནས་བཏོན་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་ནས་ཨ་རིའི་གྲོས་ཚོགས་གོང་མར་བཏང་ཡོད་པ་དང་། དེ་རིང་ཞོགས་པར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེ་ཁྲིམས་ཡིག་ཏུ་གཏན་འབེབ་བྱུང་ཚེ་ཨ་རྒྱའི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་བསྒྲགས་གཏམ་ཉེན་བརྡ་བཏང་འདུག

ཧོང་ཀོང་གི་ཁྲིམས་འཆར་འདོན་མཁན་སྤྱི་མཐུན་ཚོགས་པའི་འཐུས་མི་ཁི་རི་སི་ཊོ་ཧྥར་སི་མི་ཐི་ (Christopher Smith) ལགས་ཀྱིས་གྲོས་ཚོགས་ར་བའི་ནང་། དེ་རིང་ང་ཚོས་རྒྱ་ནག་གི་སྲིད་འཛིན་དང་ཧོང་ཀོང་གི་སྤྱི་ཁྱབ་མ་ཁེ་རི་ལེམ་གཉིས་ཀྱིས། གཞུང་གིས་ཧོང་ཀོང་གི་ཐོབ་ཐང་དང་རང་སྐྱོང་གི་གནས་བབ་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་དེར་སྙིང་ཐག་པས་བརྩི་བཀུར་ཞུ་རོགས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་པ་དང་། དེ་བཞིན་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་མཆོག་གིས། གལ་ཏེ་ཨ་རིས་ཚོང་གི་ཁེ་ཕན་ལ་བལྟས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་མ་བྱས་ཚེ། ང་ཚོར་བཟང་སྤྱོད་ཀྱི་ཐོག་ནས་ས་གཞན་གང་དུ་ཡང་འགྲོ་བ་མིའི་ཐོབ་ཐང་གླེང་རྒྱུའི་དབང་ཚད་མེད། ཅེས་དང་། ཡང་དམངས་གཙོ་ཚོགས་པའི་འཐུས་མི་བྷེན་རེ་ལུ་ཇན་(Ben Ray Lujan) ལགས་ཀྱིས། ད་ལན་གྲོས་ཚོགས་འདིས་ཧོང་ཀོང་མི་མང་རྣམས་ལ་ང་ཚོས་དམངས་གཙོ་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲད་ཡོད། ཅེས་སོགས་བརྗོད་དེ། ཧོང་ཀོང་གི་ཁྲིམས་འཆར་དེར་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མིས་རྒྱབ་སྐྱོར་གནང་པ་ལ་བརྟེན་ནས་མང་མོས་ཐོབ་ཡོད་འདུགཨ་རིའི་གྲོས་ཚོགས་འོག་མས་ཁྲིམས་འཆར་དེར་མང་མོས་རྒྱབ་སྐྱོར་གནང་བ་དེར། དེ་རིང་ཞོགས་པར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang)གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་ངོས་ནས་ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྐོར་གླེང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། རྒྱ་ནག་ངོས་ནས་ཨ་རིའི་ཐག་གཅོད་ནོར་འཁྲུལ་ཅན་དེ་དང་བསྟུན་ནས་རང་གི་ས་ཁོངས་བདག་དབང་དང་། བདེ་འཇགས། ཡར་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུའི་ཕར་རྒོལ་ཐབས་ལམ་སྤྱོད་དགོས་པ་དང་། གལ་ཏེ་ཁྲིམས་འཆར་དེ་ཁྲིམས་ཡིག་ཏུ་གཏན་འབེབ་བྱུང་ཚེ། དེས་རྒྱ་ནག་གི་ཁེ་ཕན་ཙམ་དུ་མ་ཟད་ཨ་རྒྱའི་འབྲེལ་ལམ་དང་། ལྷག་པར་དུ་ཨ་རིའི་ཁེ་ཕན་ལ་གཏོར་བརླག་ཆེན་པོ་གཏང་རྒྱུ་ཡིན་སྐོར་དང་། ཨ་རིའི་ནང་གི་མི་འགའ་ཤས་ཀྱིས་རྒྱ་ནག་གི་ཡར་ཐོན་ལ་བར་ཆད་བཟོ་ཆེད་ཧོང་ཀོང་གི་བརྟན་བརླིང་གཏོར་བཅོམ་གཏང་གི་ཡོད་པ་ཙམ་ལས། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་དཀའ་ངལ་ཞིག་འཕྲད་ཀྱི་མེད་སྐོར་སོགས་ཨ་རིར་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་བཏོན་པའི་ H.R.3289  ༢༠༡༩ ལོའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་ (H.R.3289 – Hong Kong Human Rights and Democracy Act of 2019) དེ་ནི་ཕྱི་ལོ་ ༡༩༩༢ ལོའི་ཧོང་ཀོང་གི་སྲིད་བྱུས་ཁྲིམས་ཡིག་དེ་ལག་བསྟར་ཚགས་ཚུད་ཡོང་ཆེད་དང་། ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་ལ་དཔག་སྟེ་བཏོན་པ་ཞིག་ཡིན་འདུག་པ་དང་། ཁྲིམས་འཆར་དེའི་དགོངས་དོན་གཞིར་བཟུང་ཨ་རིའི་འཛིན་སྐྱོང་ངོས་ནས་ལོ་ལྟར་ཧོང་ཀོང་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྐྱུར་ལ་བརྩི་སྲུང་བྱེད་ཀྱི་ཡོད་མེད་རྟོག་ཞིབ་ཀྱིས་སྙན་ཐོ་ཞིག་འདོན་དགོས་པ་དང་། གལ་ཏེ་ཧོང་ཀོང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་མེད་ཚེ། ད་བར་ཨ་རིས་རྒྱ་ནག་སྐམ་ས་ཆེན་མོ་དང་མི་འདྲ་བར་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གནས་བབ་སྦྱིན་པ་དེ་ཕྱིར་བསྡུ་བྱེད་དགོས་པ། གཞན་ཡང་ཨ་རིའི་སྲིད་འཛིན་ངོས་ནས་ཧོང་ཀོང་རང་སྐྱོང་གི་གནས་བབ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་མི་སྣ་ངོས་འཛིན་གྱིས། ཁོ་ཚོར་ཉེས་ཆད་གཅོད་དགོས་པ།  དེ་བཞིན་ཁྲིམས་འཆར་དེའི་ནང་འཛིན་སྐྱོང་ངོས་ནས་ཨ་རི་དང་ཧོང་ཀོང་བར་གྱི་ཚོང་དོན་བྱ་བར་དོ་དམ་ནན་པོ་བྱེད་དགོས་པ། ལོ་རེར་ཧོང་ཀོང་གཞུང་གིས་ཨ་རིས་གཏན་འབེབ་བྱས་པའི་ཕྱིར་འདྲེན་བཀག་འགོག་དང་དཔལ་འབྱོར་ཉེས་ཆད་ཀྱི་ཁྲིམས་སྒྲིག་ཁག་ལག་བསྟར་བྱེད་ཀྱི་ཡོད་མེད་ཐད་ཀྱི་སྙན་ཐོ་འབུལ་དགོས་པ་དང་། ཨ་རིའི་མི་སེར་གཙོས་པའི་མི་སུ་རུང་ཞིག་རྒྱ་ནག་ལ་རྩིས་སྤྲོད་བྱེད་པ་ལས་སྐྱོབ་དགོས་པ་སོགས་བཀོད་ཡོད་འདུགདེ་བཞིན་ཁ་སང་ཨ་རིའི་གྲོས་ཚོགས་འོག་མས་ཁྲིམས་འཆར་དེ་དང་ལྷན་དུ། ཨ་རིས་ཧོང་ཀོང་ལ་མིག་ཆུའི་དུག་རླངས་དང་འགྱིག་མདེའུ་སོགས་མང་ཚོགས་སྟངས་འཛིན་བྱེད་པའི་མཚོན་ཆ་རིགས་ཕྱིར་འདྲེན་བྱ་རྒྱུ་མཚམས་འཇོག་ཆེད། ཧོང་ཀོང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ (PROTECT Hong Kong Act) ཟེར་བ་ཞིག་ལ་རྒྱབ་སྐྱོར་གྱིས་གྲོས་ཚོགས་གོང་མར་བཏང་འདུག་པ་དང་། གཞན་ཡང་ཧོང་ཀོང་དང་ཨ་རིའི་བར་གྱི་འབྲེལ་ལམ་ངོས་འཛིན་དང་རྒྱ་ནག་གིས་དེར་ཐེ་བྱུས་བྱེད་པར་ངོ་རྒོལ་ཡོད་སྐོར་གྱི་གྲོས་གཞི་གྲོས་འཆར་(Resolution)ཞིག་ཀྱང་གཏན་འབེབ་གནང་ཡོད་འདུགདེ་རིང་ཞོགས་པར་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ནང་སྤྱི་ཁྱབ་ལྕམ་ཁེ་རི་ལེམ་གྱིས་འདི་ལོའི་ཧོང་ཀོང་གཞུང་གི་སྲིད་བྱུས་སྒྲོགས་སྦྱང་བྱེད་མགོ་བཙུགས་པ་དང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་དམངས་གཙོ་དོན་གཉེར་བའི་འཐུས་མི་འགའ་ཤས་ཧོང་ཀོང་མི་མང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་བསྡུ་ཚུད་པའི་རེ་འདུན་དོན་ཚན་ ༥ ལ་རྒྱབ་སྐྱོར་ཡོད་པའི་འཕྲེད་དར་སོགས་འཕྱར་ཏེ་བསྟུད་མར་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། ཁྲིམས་བཟོ་ལྷན་ཚོགས་དུས་ངེས་མེད་དུ་གྲོལ་དགོས་བྱུང་ཡོད་འདུག་ལ། དེ་རིང་ཁེ་རི་ལེམ་གྱིས་དེ་སྔོན་ཁས་ལེན་བྱས་པ་ལྟར་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གཞུང་འབྲེལ་ཐོག་ནས་ཕྱིར་བསྡུ་བྱ་འཆར་ཡོད་འདུག་ཀྱང་། བདུན་ཕྲག་རྗེས་མའི་ནང་བར་ཕྱིར་འགྱངས་བྱས་ཡོད་འདུག་པ་དང་། དེ་རིང་ཉིན་རྒྱབ་ཙམ་ལ་སྤྱི་ཁྱབ་ཀེ་རི་ལེམ་གྱིས་བརྙན་ལམ་ཐོག་ནས་འདི་ལོའི་ཧོང་ཀོང་གི་སྲིད་བྱུས་གཏམ་བཤད་སྤེལ་བའི་ནང་། ཧོང་ཀོང་འདི་བདེ་འཇགས་ལྡན་པའི་གྲོང་ཁྱེར་ཞིག་ཡིན་ཡང་ངོ་རྒོལ་ལས་འགུལ་གྱིས་ཚོགས་སྡེ་མང་པོར་གནོད་སྐྱོན་བཏང་ཡོད་སྐོར་དང་། ད་བར་གཞུང་གི་ངོ་རྒོལ་བ་ ༤༠༠ ལས་མང་བ་བཀག་ཉར་དང་། མི་གྲངས་ ༡༡༠༠ མང་བར་རྨས་སྐྱོན། མི་གྲངས་ ༢༢༠༠ ལས་མང་བ་འཛིན་བཟུང་བྱས་ཡོད་སྐོར་སོགས་བརྗོད་པ་ལས། ཧོང་ཀོང་མི་མང་གིས་བཏོན་པའི་རེ་འདུན་དོན་ཚན་ ༥ ཡི་ཐད་གསལ་བཤད་གང་ཡང་བྱས་མི་འདུག་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་དང་གཉིས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་ལས་ཧོང་ཀོང་གི་རང་བཙན་ཐད་ལ་བཟོད་སྒོམ་བྱེད་ཐབས་མེད་སྐོར་སོགས་བསྒྲགས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༡༦

Leave a Reply

3 thoughts on “ཨ་རིའི་གྲོས་ཚོགས་འོག་མའི་ནང་ཧོང་ཀོང་གི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ།

  1. ད་ཨ་རིའི་སྟོབས་ཤུགས་སྟོན་པའི་དུས་ལ་བབ་འདུག
    མི་ཡི་སེངྒེ་ཊོམ་གི་གཟི་བརྗིད་ངོམ་རན་འདུག

  2. གཞུང་པ་ཚེ་དབང་བསོད་ནམས

    འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་དགོས་ན་མི་གསོད་རྒྱུའི་གོ་མཚོན་རྩ་
    མེད་བཟོ་དགོས་པ་ལས་ཁ་དམག་ལ་འགན་འཁུར་ནས་མེ་འབར་བའི་སྟེང་ནམ་ཡང་ས་སྣུམ་
    ཤོལ་མི་ཉན་ནོ།

  3. གཞུང་པ་ཚེ་དབང་བསོད་ནམས

    བཙན་རྒྱལ་ཨ་མེ་རི་ཀ་མེ་འབར་བའི་སྒང་ལ་ས་སྣུམ་ནམ་ཡང་ཤོལ་མི་ཉན་ནོ་ཧཧཧ
    འཛམ་གླིང་མེད་པ་བཟོ་མཁན་ཚན་ཚོ་རེད།
    མཉད