ཊར་ཀིས་ཀར་ཌི་ཤིའི་ཤོག་ཁག་ལ་དཔུང་འཇུག་བྱེད་དོན་གང་རེད།

རྩོམ་པ་པོ། པེ་ཊི་རིག་ཀིན་སི་ལེ། ནིའུ་ཡོག་དུས་བབ།

བོད་སྒྱུར་བ། པ་སངས་ཚེ་རིང་། བོད་ཀྱི་དུས་བབ།

ཊར་ཀིས་ (Turkey) ཅིའི་ཕྱིར་སི་རི་ཡར་ (Syria) བཙན་འཛུལ་བྱས་ཡོད་དམ། ཨ་རིའི་དམག་སི་རི་ཡ་  ནས་ཕྱིར་འཐེན་བྱེད་དགོས་དོན་གང་རེད། ཀར་ཌི་ཤི་ (Kurdish) རྣམས་ལ་ས་ཁྱོན་ཆེན་པོ་ཇི་ལྟར་ཐོབ་ཡོད། ང་ཚོས་འདི་ནས་ཊར་ཀིས་བྱང་བརྒྱུད་སི་རི་ཡར་བཙན་འཛུལ་བྱེད་པའི་སྐོར་གྱི་གནད་དོན་ཆེན་པོ་བཅུ་ལ་ལན་འདེབས་བྱ།ཊར་ཀིས་ཀར་ཌི་ཤིའི་སྟངས་འཛིན་འོག་གི་བྱང་བརྒྱུད་སི་རི་ཡར་བཙན་འཛུལ་བྱས་པ་དེས། སྔར་ནས་ཟིང་འཁྲུག་ཆེ་བའི་དམག་འཁྲུག་དེ་ཇེ་རྙོག་ཏུ་བཏང་ཡོད། ལོ་ངོ་བརྒྱད་ཀྱི་ཡར་སྔོན་དུ་འགོ་འཛུགས་བྱས་པའི་སི་རི་ཡའི་གཞུང་ལ་ངོ་རྒོལ་གྱི་འཚེ་མེད་ལས་འགུལ་དེ་རིམ་པས་ས་གནས་ཀྱི་ཤོག་ཁག་ཕན་ཚུན་དང་། ཨི་སི་ལ་མིག་ཚོགས་པ་ (Islamic State) དང་ཕྱིའི་རྒྱལ་ཁབ་འགའ་ཤས་བར་གྱི རྒྱལ་སྤྱི་རང་བཞིན་གྱི་དཀའ་རྙོག་ཅིག་ཏུ་གྱུར་ཡོད། ད་ལྟ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་གིས་ལོ་དུ་མའི་རིང་ཨ་རིའི་དམག་དཔུང་དང་མཉམ་གཤིབ་ཀྱིས་དམག་འཐབ་ནང་ཞུགས་མྱོང་བའི་ཤོག་ཁག་ཅིག་གི་ཐོག་ལ་རྒོལ་འཛིང་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཁྲོད་དུ་མི་མང་པོ་ཞིག་གློ་བུར་བའི་དམག་འཁྲུག་གི་དཀྱོག་མཚམས་འདིས་འཕྲུལ་དུ་བཅུག་ཡོད། ད་ང་ཚོས་ཀར་ཌི་ཤི་ཚོ་ཇི་ལྟར་མགོ་རྙོག་ཆེ་བའི་དཀའ་རྙོག་འདིའི་ལྟེ་བར་ཚུད་ཡོད་པའི་ཐོག་ལ་ཞིབ་པར་བལྟ།སི་རི་ཡའི་ནང་ཀར་ཌི་ཤི་ཅི་ཙམ་ཡོད།

 ཀར་ཌི་ཤི་ནི་སི་རི་ཡའི་ནང་གི་གྲངས་ཉུང་མི་རིགས་ཆེ་ཤོས་དེ་ཡིན་པ་དང་། ཕྱི་ལོ་ ༢༠༡༡ ལོའི་སི་རི་ཡའི་མི་འབོར་ས་ཡ་ ༢༡ གྱི་བརྒྱ་ཆ་ལྔ་ནས་བཅུ་བར་ཟིན་ཡོད། ཁོ་ཚོ་ཕལ་ཆེ་བ་ཊར་ཀི་དང་ས་འབྲེལ་བྱང་བརྒྱུད་སི་རི་ཡའི་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད་པས། ཁོ་ཚོ་ཨ་རབ་གཙོས་པའི་མི་རིགས་གཞན་དང་ཐག་ཉེར་ཆགས་ཡོད། སྤྱིར་ཊར་ཀི་དང་། ཨི་རཱན། ཨི་རཱག་བཅས་ཀྱི་ནང་དུ་ཡང་ཀར་ཌི་ཤིའི་མི་རིགས་མང་པོ་ཡོད་ཀྱང་། ཀར་ཌི་ཤིས་མི་འབོར་གྱི་མང་ཆ་བཟུང་བའི་རྒྱལ་ཁབ་ཅིག་གང་ན་ཡང་མེད།

སི་རི་ཡའི་ཀར་ཌི་ཤི་རྣམས་ཇི་ལྟར་དམག་འཁྲུག་ནང་ཚུད་ཡོད།

སྲིད་འཛིན་བྷ་ཤར་ཨལ་ཨ་ས་དྷི་ (Bashar al-Assad) ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་དེ་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ནང་རིམ་པས་གོ་མཚོན་སྤྱོད་པའི་ནང་འཁྲུག་ཅིག་ཏུ་གྱུར་ཏེ། ཤོག་ཁག་དུ་མ་སི་རི་ཡའི་ཆབ་སྲིད་དབང་ཆ་འཛིན་རྒྱུའི་འགྲན་རྩོད་ནང་ཞུགས། དེ་དག་ཁྲོད་དུ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དམག་གི་ཤོག་ཁག་ཅིག་དང་། སི་རི་ཡ་དེ་དམངས་གཙོ་ཆེ་བའི་རྒྱལ་ཁབ་གཅིག་ཏུ་བཅའ་འདོད་ཡོད་པའི་གཞུང་ལ་ཁ་གཏད་བྱེད་མཁན་གྱི་ཤོག་ཁག་ཅིག དེ་བཞིན་ཁ་ཆེའི་ཐལ་སྤྱོད་པ་དང་། སོ་སོའི་ས་ཁོངས་སྲུང་སྐྱོབ་བྱེད་རྒྱུར་གཞོལ་བའི་ས་གནས་གྲངས་ཉུང་མི་རིགས་དང་ཆོས་དད་གྲངས་ཉུང་མི་རིགས་ལས་གྲུབ་པའི་དམག་གི་ཤོག་ཁག་བཅས་ཚུད་ཡོད། དེ་དག་གི་ཁྲོད་དུ་ཀར་ཌི་ཤིའི་དམག་གི་ཤོག་ཁག་འགའ་ཤས་ཡོད་པ་ལས། སྟོབས་ཤུགས་ཆེ་ཤོས་ནི་མི་མང་སྲུང་སྐྱོབ་རུ་ཁག་ (People’s Protection Units) ཅེས་པ་དེ་ཡིན་ལ། ཡོངས་གྲངས་སུ་ཀར་ཌི་ཤིའི་མིང་གི་མགོ་ཡིག་གསུམ་ལས་གྲུབ་པའི་ཝའེ་པི་ཇི་ (Y.P.G) ཞེས་པར་འབོད་ཀྱི་ཡོད།

ཨ་རི་ཇི་ལྟར་དམག་འཁྲུག་ནང་ཚུད་ཡོད།

ལོ་དུ་མའི་རིང་ནས་ཨོ་བྷ་མ་སྲིད་གཞུང་གིས་སི་རི་ཡའི་གཞུང་ལ་ཁ་གཏད་གཅོག་མཁན་དམག་གི་ཤོག་ཁག་ཁ་ཤས་ལ་དངུལ་གྱི་རོགས་རམ་དང་དམག་སྦྱོང་སྤྲོད་རྒྱུ་ལས། ཐད་ཀར་སི་རི་ཡའི་དམག་འཁྲུག་ནང་ཞུགས་འདོད་བྱས་མེད། འོན་ཀྱང་ཨི་སི་ལ་མིག་ཚོགས་པས་ (Islamic State) དམག་འཁྲུག་གི་རྙོག་ཟིང་དེའི་བར་ནས་གོ་སྐབས་བཟུང་སྟེ། སི་རི་ཡ་དང་ཨི་རཱག་གི་ས་ཁྱོན་རྒྱ་ཆེན་པོ་རང་ཁོངས་སུ་འཇུག་ཐབས་བྱས་པའི་རྐྱེན་གྱིས། སྲིད་འཛིན་བྷ་རག་ཨོ་བྷ་མའི་བསམ་བློ་གྱུར་ཏེ། ཕྱི་ལོ་ ༢༠༡༤ ལོར་ཨ་རི་དངོས་སུ་ཨི་སི་ལ་མིག་ཚོགས་པ་ལ་ཁ་གཏད་གཅོག་བཞིན་པའི་རྒྱལ་སྤྱིའི་མཉམ་འབྲེལ་མཐུན་ཚོགས་ནང་ཞུགས་པ་མ་ཟད། དེར་རོགས་འདེགས་ཀྱི་ཚུལ་དུ་གོ་མཚོན་ལྡན་པའི་ཨི་སི་ལ་མིག་ཚོགས་པའི་ཐོག་འཕུར་མདེལ་འཕངས་པ་དང་། ཕྱིས་སི་རི་ཡའི་ནང་དམག་གི་ལྟེ་གནས་བཙུགས་ཡོད།ཀར་ཌི་ཤིའི་དམག་གི་ཤོག་ཁག་དེ་ཇི་ལྟར་ཨ་རིའི་མཐུན་ཕྱོགས་སུ་གྱུར་ཡོད།

ཐལ་སྤྱོད་ཆེ་བའི་ཨི་སི་ལ་མིག་ཚོགས་པ་དེ་རིམ་པས་སི་རི་ཡ་ཁྱོན་ཡོངས་ལ་ཁྱབ་དུས། དཀར་ཌི་ཤིའི་མི་མང་སྲུང་སྐྱོབ་རུ་ཁག་ (Y.P.G) དེ་ཁོ་ཚོར་ཕར་རྒོལ་བྱེད་ཐུབ་མཁན་གྱི་དམག་གི་ཤོག་ཁག་ཉུང་ཤས་ཁྲོད་ཀྱི་གཅིག་དེར་གྱུར། ཨ་རིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཨི་སི་ལ་མིག་ཚོགས་པར་ཁ་གཏད་གཅོག་ཆེད། ས་གནས་ནས་མཐུན་གྲོགས་འཚོལ་སྐབས་ཀར་ཌི་ཤིའི་དམག་གི་ཤོག་ཁག་དེ་བདེ་འཇགས་ཆེ་ཤོས་སུ་མཐོང་།སི་རི་ཡའི་ཀར་ཌི་ཤིས་ས་ཁྱོན་ཆེན་པོ་དེ་འདྲར་སྟངས་འཛིན་བྱེད་དོན་གང་རེད།

ཀར་ཌི་ཤིའི་ཤོག་ཁག་གིས་རང་གི་དམག་མི་ ༡༡༠༠༠ ལྷག་བློས་གཏོང་གིས་རིམ་པས་ཨི་སི་ལ་མིག་ཐལ་སྤྱོད་ཚོགས་པ་དེ་བྱང་བརྒྱུད་སི་རི་ཡའི་ཁུལ་ནས་རྒྱང་འབུད་བཏང་རྗེས། རང་གི་མངའ་འོག་དུ་ཆུད་པའི་ས་ཁོངས་ལ་འཛིན་སྐྱོང་བྱེད་མགོ་བཙུགས། མཐའ་མཇུག་དེར་ཀར་ཌི་ཤིའི་ཤོག་ཁག་གིས་ཊར་ཀི་དང་ས་འབྲེལ་འཁེལ་བའི་ས་ཆ་ཕལ་ཆེ་བ་ཚུད་པའི་ཨ་རབ་དང་མི་རིགས་གཞན་འདུས་སྡོད་མང་བའི་ས་ཆ་དག་ཀྱང་རང་ཁོངས་སུ་བཅུག་སྟེ། སི་རི་ཡའི་ས་ཁྱོན་གྱི་བཞི་ཆ་གཅིག་ཙམ་ལ་སྟངས་འཛིན་བྱས།

ཊར་ཀིས་ཅིའི་ཕྱིར་ཀར་ཌི་ཤི་རྣམས་ས་དེ་ནས་ཕྱིར་འཕུད་ཐབས་བྱེད་ཀྱི་ཡོད་དམ།

 ཀར་ཌི་ཤིའི་ཤོག་ཁག་དེ་ནི་དོན་དངོས་ཐོག་ལོ་ངོ་བཅུ་ཕྲག་རིང་ཊར་ཀིའི་ནང་གྱེན་ལོག་བྱེད་མཁན་གྱི་ཀར་ཌི་ཤིའི་འཇབ་དམག་རུ་ཁག་ཀར་ཌི་སི་ཐན་ངལ་རྩོལ་ཚོགས་པ་ (Kurdistan Workers’ Party) ཞེས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཊར་ཀི་དང་ཨ་རིས་ཀར་ཌི་ཤི་ཐན་ངལ་རྩོལ་ཚོགས་པ་ཟེར་བ་དེ་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཊར་ཀིར་མཚོན་ན་ཀར་ཌི་ཤིའི་ཤོག་ཁག་གིས་ཊར་ཀིའི་ས་མཚམས་དང་ཉེ་བའི་ས་ཁུལ་ཁག་སྟངས་འཛིན་བྱེད་བཞིན་པ་དེ་ནི་ཊར་ཀིའི་བདེ་སྲུང་ལ་ལ་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད་པ་སྟེ། ས་ཁུལ་དེ་དག་ཊར་ཀི་ནས་བྲོས་བྱོལ་དུ་འགྲོ་མཁན་ཚོའི་གབ་སའམ། ཡང་ན་ཊར་ཀིའི་ནང་གྱེན་ལོག་བྱེད་མཁན་ཚོའི་རྟེན་གཞི་ཞིག་ཏུ་འགྱུར་སྲིད་པར་ཞེད་སྣང་བྱེད་ཀྱི་ཡོད།

ཊར་ཀིས་ཀར་ཌི་ཤིའི་ཤོག་ཁག་ལ་ཕར་རྒོལ་བྱེད་བཞིན་པ་དེས་ཨ་རི་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད། ཕྱོགས་གཅིག་ནས་ཊར་ཀི་ནི་ཎེ་ཊོ་མནའ་འབྲེལ་ཚོགས་པའི་(NATO) ཚོགས་མི་ཞིག་ཡིན་པ་མ་ཟད། སི་རི་ཡའི་གཞུང་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་མོད། ཕྱོགས་གཞན་ཞིག་ནས་ཊར་ཀིས་ཨི་སི་ལ་མིག་ཐལ་སྤྱོད་ཚོགས་པར་འཐབ་མཁན་ཨ་རིའི་མཐུན་ཕྱོགས་ཀར་ཌི་ཤིའི་ཤོག་ཁག་དེ་རྩ་མེད་གཏོང་འདོད་བྱེད་ཀྱི་ཡོད་པ་རེད།

ཨ་རིས་དཀའ་རྙོག་དེ་ཇི་ལྟར་སེལ་ཐབས་བྱས་ཡོད་དམ།

ཨོ་བྷ་མའི་སྲིད་གཞུང་གིས་ཀར་ཌི་ཤིའི་ཤོག་ཁག་དང་ཊར་ཀིའི་ནང་གི་ཀར་ཌི་ཤིའི་འཇབ་དམག་བར་གྱི་འབྲེལ་ལམ་གཅོད་ཐབས་སུ། ཤོག་ཁག་གི་མིང་འགྱུར་བཅོས་བྱ་དགོས་པ་མ་ཟད་དམག་ཁོངས་སུ་ཀར་ཌི་ཤི་མ་ཡིན་པའི་མི་རིགས་གཞན་ཀྱང་བཙུད་དགོས་པར་བདམས་པ་ལྟར། ད་ལྟ་ཤོག་ཁག་གི་མིང་ལ་སི་རི་ཡའི་དམངས་གཙོའི་དཔུང་དམག་ (Syrian Democratic Forces) ཅེས་འབོད་ཀྱི་ཡོད་ལ། ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་གཞུང་འབྲེལ་མི་སྣའི་ཚོད་དཔག་ལྟར་ན། ཤོག་ཁག་གི་དམག་མི་བརྒྱ་ཆ་ ༤༠ ཙམ་ཨ་རབ་དང་མི་རིགས་གཞན་ནས་ཡིན་འདུག

ཨ་རིའི་དམག་དཔུང་གིས་་ཞི་བདེ་སྲུང་སྐྱོབ་བྱེད་མཁན་གྱི་མིང་ཐོག་ནས་དང་ཐོག་ཊར་ཀིའི་ས་མཚམས་ཁུལ་དུ་ལྟ་སྲུང་བྱས་མགོ་བཙུགས་པ་དང་། ཕྱིས་ཊར་ཀིའི་དམག་དཔུང་དང་མཉམ་འབྲེལ་གྱིས་མུ་མཐུད་ལྟ་སྲུང་བྱས། ཉེ་བའི་ཟླ་ཤས་ནང་། ཨ་རིས་ཀར་ཌི་ཤིའི་དབང་ལྡན་མི་སྣར་ཊར་ཀི་ལ་བརྡ་ལན་བཟང་པོ་ཞིག་སྤྲོད་ཆེད། ས་མཚམས་ཁུལ་གྱི་དམག་དཔུང་ཕྱིར་འཐེན་དང་བཙན་རྫོང་ཁག་བཤིག་དགོས་སྐོར་བརྗོད་ཡོད།ཨ་རིའི་སྲིད་བྱུས་གློ་བུར་དུ་འགྱུར་དོན་གང་རེད།

དུས་ཡུན་རིང་པོ་ཞིག་ནས་ཨ་རིའི་སྲིད་འཛིན་ཊོམ་ཕུ་ (Trump) ཡིས། ཨ་རིས་ “རྫོགས་མཐའ་མེད་པའི་དམག་འཁྲུག་དག་” གཡོལ་དགོས་སྐོར་བརྗོད་དེ་ཨ་རིའི་དམག་མི་རྣམས་སི་རི་ཡ་ནས་ཕྱིར་འཐེན་བྱ་འདོད་བྱས། ཁོ་པས་འདས་ལོའི་ཕྱི་ཟླ་ ༡༢ ནང་དམག་མི་ཕྱིར་འཐེན་བྱེད་དགོས་པའི་བཀའ་ཐོག་མ་དེ་བཏང་ཡོད་ཀྱང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཏི་སི་(Jim Mattis) ཡིས་ཐག་གཅོད་དེར་ངོ་རྒོལ་གྱིས་ལས་གནས་ནས་རྩ་དགོངས་ཞུས་པར་བརྟེན། དམག་ཕྱིར་འཐེན་བྱ་རྒྱུ་གནས་སྐབས་ཕྱིར་འགྱངས་བྱས།

ཨ་རིའི་དམག་དཔོན་རྣམས་ཀྱིས་རང་གི་མཐུན་གྲོགས་ཀར་ཌི་ཤི་རྣམས་ལ་མ་འོངས་དུས་ཡུན་རིང་པོའི་ནང་བྱང་བརྒྱུད་སི་རི་ཡ་དེ་ཞི་བདེའི་ངང་གནས་ཐུབ་པར་བྱ་ཐུབ་ངེས་ཡིན་སྐོར་བརྗོད་དེ། ཨ་རིའི་དམག་དཔུང་རྣམས་སི་རི་ཡ་ནང་ཕྱིར་འཐེན་བྱ་རྒྱུར་སྒུག་ནས་ཡོད་པ་ལྟ་བུ་ཆགས་ཡོད། ཡིན་ན་ཡང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་སྲིད་འཛིན་ཊོམ་ཕུ་དང་ཊར་ཀིའི་སྲིད་འཛིན་རཱི་སིབ་ཊི་ཡབ་ཨིར་ཌོ་གྷན་ (Recep Tayyip Erdogan) དང་ཁ་པར་ནང་འབྲེལ་བ་བྱེད་དུས། སྲིད་འཛིན་ཊོམ་ཕུའི་བསམ་བློ་གྱུར་ཏེ་ཁོ་པས་ཊར་ཀི་དང་སི་རི་ཡའི་ས་མཚམས་ཁུལ་དུ་ཡོད་པའི་ཨ་རིའི་དམག་དཔུང་རྣམས་ཕྱིར་འཐེན་བྱ་དགོས་པའི་བཀའ་བཏང་། དེའི་རྐྱེན་གྱིས། ཊར་ཀི་ལ་ཀར་ཌི་ཤིའི་ཤོག་ཁག་གི་ས་ཁོངས་ནས་འཛུལ་རྒྱུའི་གོ་སྐབས་ཐོབ་སྟེ། ཕྱི་ཚེས་ ༩ ཉིན་ཊར་ཀིའི་དམག་དཔུང་དང་སི་རི་ཡའི་ནང་གི་ཨ་རབ་ཀྱི་ཤོག་ཁག་གཉིས་ཀྱིས་ཀར་ཌི་ཤིའི་ཐོག་དཔུང་འཇུག་བྱས།

ཨ་རིའི་དམག་དཔུང་ཆ་ཚང་ཕྱིར་འཐེན་བྱས་ཡོད་དམ།

ཐོག་མའི་ཆར། ཨ་རིས་ཊར་ཀི་དང་སི་རི་ཡའི་ས་མཚམས་ཆུང་གྲས་ཀྱི་དམག་མི་རྣམས་ཕྱིར་འཐེན་བྱས་ཏེ། ཀར་ཌི་ཤིའི་འོག་གི་སི་རི་ཡའི་ས་ཁུལ་གཞན་དུ་ཡོད་པའི་དམག་གི་ལྟེ་གནས་ཁག་ཏུ་བཀྲམ་ཡོད། ཡིན་ན་ཡང་ཕྱིས་ཊར་ཀིའི་དཔུང་འཇུག་དེའི་ཁྲོད་དུ། ཨ་རིའི་དམག་དཔུང་ལ་ཡང་གནོད་འཚེ་ཕོག་རྒྱུའི་ཉེན་ཁ་ཆེ་སྟབས། ད་ལྟ་ཨ་རིའི་རྒྱལ་སྲུང་ལས་ཁུངས་པེན་ཊེ་གྷོན་(Pentagon) གྱིས་ཨ་རིའི་དམག་དཔུང་ཡོངས་རྫོགས་བྱང་བརྒྱུད་སི་རི་ཡ་ནས་ཕྱིར་འཐེན་བྱ་དགོས་པའི་བཀའ་བཏང་ཡོད་པ་དང་། ཕྱིར་འཐེན་བྱ་རྒྱུར་ཉིན་ཤས་འགོར་སྲིད་པ་ཞིག་རེད།གནས་སྐབས་རིང་ལྷོ་བརྒྱུད་སི་རི་ཡའི་ནང་ཨ་རིའི་དམག་གི་ལྟེ་གནས་ཆུང་ཆུང་ཞིག་རང་སོར་འཇོག་རྒྱུ་རེད། ཊོམ་ཕུ་སྲིད་གཞུང་གིས་ཏར་ཀིས་ཀར་ཌི་ཤིའི་ཐོག་ལ་དཔུང་འཇུག་བྱས་པར་དཔལ་འབྱོར་གྱི་ཉེས་ཆད་གཅོག་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་བཏང་ཡོད་པ་མ་ཟད། རེས་གཟའ་ཟླ་བའི་ཉིན་ (ཟླ་འདིའི་ཕྱི་ཚེས་ ༡༣) སྲིད་འཛིན་ཊོམ་ཕུས་ཡིས་ཊར་ཀི་དང་ཚོང་འབྲེལ་གྲོས་མོལ་འགོག་རྒྱུ་ཡིན་པ་མ་ཟད། ཊར་ཀི་ནས་ཨ་རིར་ནང་འདྲེན་བྱེད་བཞིན་པའི་ལྕགས་རིགས་ལ་རྒྱལ་ཁྲལ་ལྡབ་གཅིག་སྤར་རྒྱུ་ཡིན་སྐོར་བརྗོད་ཡོད།

ཊོམ་ཕུ་ཡི་ཐག་གཅོད་དེ་ནས་སུ་ལ་ཁེ་ཕན་ཐོབ་ཀྱ་ཡོད་དམ།

ཐག་གཅོད་དེའི་རྐྱེན་པས་སྐབས་འཕྲལ་ཁེ་ཕན་ཐོབ་མཁན་དེ། ཊར་ཀི་དང་སི་རི་ཡའི་ནང་གི་ཊར་ཀིའི་ཨ་རབ་ཤོག་ཁག་(Syrian Arab Proxy)གཉིས་ཡིན། བདུན་ཕྲག་གཅིག་ནང་ཚུད་ལ་ཊར་ཀིས་དང་དེའི་ཨ་རབ་ཤོག་ཁག་གཉིས་ཀྱིས་དེ་སྔ་ཀར་ཌི་ཤིའི་མངའ་འོག་ས་ཁྱོན་མེ་ལི་གྲུ་བཞི་མ་ ༧༥ (square mile) ལྷག་བཟུང་ཐུབ་ཡོད།

སྲ་བརྟན་མེད་པའི་གནས་སྟངས་འདིའི་འོག་ནས་ཨི་སི་ལ་མིག་ཐལ་སྤྱོད་ཚོགས་པར་ཡང་ཁེ་ཕན་ཐོབ་སྲིད་པ་ཞིག་རེད། སྔར་དང་མི་འདྲ་བར་ད་ལྟ་ཀར་ཌི་ཤིའི་ཤོག་ཁག་ལ་མི་ཆའི་ཆ་ནས་ཨི་སི་ལ་མིག་ཐལ་སྤྱོད་པ་བཀག་ཉར་བྱས་པའི་བཙོན་ཁང་ངམ། ཡང་ན་འཛིན་བཟུང་འོག་ཡོད་པའི་ཨི་སི་ལ་མིག་ཐལ་སྤྱོད་པ་ ༡༡༠༠༠ ལྷག་དོ་དམ་བྱེད་ཐུབ་ཐབས་མེད། དེ་ཙམ་དུ་མ་ཟད། ཀར་ཌི་སི་ཤིའི་ཤོག་ཁག་གིས་ད་དུང་ཨི་སི་ལ་མིག་ཐལ་སྤྱོད་པའི་ཆུང་མ་དང་བུ་ཕྲུག་ཚུད་པའི་ནང་མི་དང་ཁ་འཐོར་དུ་སོང་བའི་མི་སྟོང་ཕྲག་བཅུ་ལྷག་འདུ་སྡོད་བྱ་སའི་ལྟེ་གནས་གཉིས་དོ་དམ་བྱེད་ཀྱི་ཡོད་པ་རེད།

ཁེ་ཕན་ཐོབ་མཁན་གཞན་ནི་སི་རི་ཡའི་གཞུང་ཡིན། གཟའ་ཉི་མའི་ཉིན་ (ཟླ་འདིའི་ཕྱི་ཚེས་ ༡༣) སི་རི་ཡའི་གཞུང་གིས་སི་རི་ཡའི་དམག་དཔུང་རྣམས་འདས་པའི་ལོ་ངོ་ལྔ་ལྷག་གི་རིང་རྟེན་གཞི་བྱས་མྱོང་མེད་པའི་བྱང་བརྒྱུད་སི་རི་ཡའི་ནང་བསྐྱོད་དགོས་པའི་བཀའ་བཏང་། གཞུང་འབྲེལ་ཐོག་ནས་སི་རི་ཡའི་དམག་གིས་ཀར་ཌི་ཤིའི་ཤོག་ཁག་ལ་བྱང་བརྒྱུད་སི་རི་ཡ་སྲུང་རྒྱུར་རོགས་འདེགས་བྱ་རྒྱུ་རེད། ཡིན་ན་ཡང་མང་ཚོགས་རྣམས་མུ་མཐུད་ཀར་ཌི་ཤིའི་ཤོག་ཁག་གི་འཛིན་སྐྱོང་འོག་ཡོད་པ་རེད། འོན་ཀྱང་མི་མང་པོས་བྷ་ཤར་ཨལ་ཨ་ས་དྷི་ (Bashar al-Assad) དང་། ཁོའི་བདེ་འཇགས་དམག་དཔུང་གི་ཡང་བསྐྱར་སྲིད་དབང་འཛིན་སྲིད་པར་ཞེད་སྣང་བྱེད་ཀྱི་ཡོད།

གཞན་ཡང་ཊོམ་ཕུའི་ཐག་གཅོད་དེས་བྷ་ཤར་ཨལ་ས་དྷིར་རྒྱབ་སྐྱོར་བྱེད་མཁན་ཨུ་རུ་སུ་དང་ཨི་རཱན་གཉིས་ལའང་ཁེ་ཕན་བསྐྲུབ་ཐུབ་ཡོད། ཨ་རིའི་དམག་དཔུང་རྣམས་བྱང་བརྒྱུད་སི་རི་ཡ་ནས་ཕྱིར་འཐེན་བྱས་པ་དེས། ཨུ་རུ་སུ་དང་ཨི་རཱན་གཉིས་ལ་ཁུལ་དེར་རང་གི་ཤུགས་རྐྱེན་ཁྱབ་སྤེལ་བྱེད་རྒྱུར་གོ་སྐབས་ཐོབ་ཡོད། ཁྱད་པར་དུ་ཨུ་རུ་སུ་དེ་ཀར་ཌི་ཤིའི་ཤོག་ཁག་དང་། བྷ་ཤར་ཨལ་ས་དྷི། ཊར་ཀི་གཞུང་བཅས་གསུམ་བར་གྱི་གྲོས་མོལ་ནང་ཤུགས་རྐྱེན་གཙོ་བོ་སྤྲོད་མཁན་ཞིག་ཏུ་གྱུར་ཡོད།

མ་ཡིག་གི་དྲ་ཐག https://www.nytimes.com/2019/10/14/world/middleeast/the-kurds-facts-history.html?action=click&module=RelatedLinks&pgtype=Article

བསྐྱར་བཅོས།: ༢༠༡༩/༡༠/༡༨

Leave a Reply