རྡོ་སྦིས་ཟླ་བ་ཚེ་རིང།
ངས་དེ་རིང་སྐད་ཆ་འདི་ལྟར་བཤད་ནས་མགོ་སྐུ་ངོ་དེ་ཚོ་སུན་པོ་བཟོ་བའི་ཆེད་མིན་ལ། འོག་ཕ་མ་དེ་ཚོའི་སེམས་ཤུགས་གཅོག་པའི་ཆེད་དེ་ལས་ཀྱང་མིན་མོད། ཡིན་ནའང། ངས་བདེན་པ་ཞིག་ལ་རྒྱབ་བརྟེན་ནས་སྐད་ཡིག་ཅིག་གི་ལས་དབང་ལ་གདོང་གཏད་ནས་འདི་ལྟར་དྲང་གཏམ་མི་བཤད་ཀ་མེད་བྱུང་།
སྤྱིར་སྲིད་ཇུས་སམ་སྒྲོམ་གཞི་སོགས་གང་ཞིག་ཡིན་རུང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་ཚོད་ཀྱི་དགོས་དབང་ལ་བརྟེན་ནས་ཁ་སྣོན་དང་འགྱུར་བཅོས་གཏང་དགོས་པ་ཞིག་ཡིན་པ་ཁ་སང་དེ་རིང་གི་མིའི་རིགས་ཀྱི་འདོད་བློ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཡིས་སྒུལ་བའི་གནད་དོན་ཞིག་ཡིན་པ་ལྟར། འུ་ཚང་གི་ཤེས་ཡོན་སྲིད་ཇུས་ཀྱི་སྒྲོམ་གཞི་དེ་ཡང་དེ་ག་རང་ཡིན་པ་བཤད་ཅི་ལ་དགོས། ལྷག་པར་དུ་སྟོང་ལོ་ལྔའི་ནང་ལག་བསྟར་གནང་བའི་ཤེས་ཡོན་སྲིད་ཇུས་འདི་ནི་གཞི་རིམ་འོག་མའི་ཤེས་ཡོན་སྒྲོམ་གཞི་ཞིག་ཡིན་པ་མ་གཏོགས་གཞི་རིམ་བར་མ་དང་གོང་མ། དེ་ནས་མཐོ་སློབ་དང་གཙུག་ལག་མཐོ་སློབ་སོགས་ཀྱི་ཤེས་ཡོན་སྒྲོམ་གཞིའི་ཚབ་བྱེད་ག་ལ་ཐུབ། འདི་ལ་མཁས་པའི་དབང་བོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་“ཤེས་ཡོན་སྲིད་ཇུས་འདི་དར་རྒྱས་གཏང་མིན་ནི་བཀའ་ཤག་སྐབས་རྗེས་མའི་ཕྱག་ལས་གནང་ཕྱོགས་ལ་རག་ལས་ཡོད་”ཅེས་མུ་མཐུད་ནས་དར་རྒྱས་དང་རྒྱ་ཆེར་གཏང་དགོས་པའི་བཀའ་གསུང་གནང་ཡོད་པ་འདི་རེད།
ཡིན་ནའང། བཙན་བྱོལ་བོད་ཀྱི་ཤེས་ཡོན་སྲིད་ཇུས་འདི་བཙུགས་ནས་ལོ་ཡི་འཁོར་མོ་བཅུ་བཞི་ཙམ་འགྲོ་ཡི་ཡོད་ནའང། གོང་སྐུ་ངོ་ཚོས་བོད་མི་རིགས་དང་འབྱུང་འགྱུར་གྱི་དགོས་མཁོ་ལ་དཔག་ནས་ཁ་སྣོན་དང་ཡར་རྒྱས་གཏོང་བའི་བྱ་བཞག་ཅི་ཡང་བརྩམས་མེད་པར་མ་ཟད། མཁས་དབང་ཟམ་གདོང་རིན་པོ་ཆེས་སྐུ་ལས་བརྒྱ་ཕྲག་བསྐྱོན་ནས་བཏབ་པའི་མེ་ཏོག་གི་མགོ་བོ་བལྟས་བལྟས་རིག་རིག་ལ་བཏུམ་སེར་བཅད་ཡོད་དེ། སྟོང་ལོ་བཅུ་དྲུག་གི་གྲོས་ཚོགས་སྟེང་དུ་ཤེས་རིག་བཀའ་བློན་ཟུར་བ་དངོས་གྲུབ་ཚེ་རིང་ཟེར་བ་དེ་ཡིས་དཔེ་སྟོན་སློབ་གྲྭའི་ཁོར་ཡུག་དང་རྒྱ་གར་གྱི་རྩ་ཁྲིམས་ལ་ཁ་གཡར་ཏེ་འཛིན་རིམ་བཅུ་བ་དང་དགུ་པ་མེད་པར་བཟོས་སོང་མོད། རྒྱ་གར་གྱི་རྩ་ཁྲིམས་དང་མཐུན་པའི་ཁོར་ཡུག་ཅིག་ཀྱང་བསྐྲུན་མི་ཐུབ་པའི་སྐུ་ངོ་དེ་དག་གིས་ཅི་ཞིག་བྱའམ། ཁྱོད་སྐུ་ངོ་ཚོ་གངས་སྐྱིད་ཀྱི་རྐུབ་བཀྱག་དེ་དག་སྲུང་གི་སྐད་བཏང་བར་མ་རེད་ལ། རྫིག་རྫིག་ཉམས་ཉམས་ཀྱི་ཚོགས་འདུ་རེ་བསྐོང་ནས་སྟོང་བཤད་རེ་རྒྱག་གི་སྐད་བཏང་བར་དེ་ལས་ཀྱང་མ་རེད། ཁྱོད་ཚོ་སྐད་བཏང་བ་དེ་སྤྱི་ཚོགས་ཀྱི་དཀའ་ངལ་བསལ་བ་དང་དར་རྒྱས་གཏང་བར་སྣེ་འཁྲིད་མཁན་ཞིག་དང་མདུན་སྐྱོད་བྱེད་མཁན་ཞིག་གདན་འདྲེན་ཞུས་པ་རེད་མ་གཏོགས་དཀའ་ངལ་ལ་ཐུག་ཚེ་ཁ་གཡར་མཁན་ཞིག་དང་མགོ་སྒུར་རེ་འདུག་མཁན་ཞིག་སྐད་བཏང་བ་དེ་ལས་ཀྱང་ག་ལ་ཡིན། མ་གཞི་ནས་འུ་ཚང་གི་སྐུ་ངོ་འདི་ཚོ་ནི་མགོ་སེར་བོའི་བསམ་བློའི་གཡོག་པོ་རྐྱང་ཡིན་པ་ལས་རང་གི་རིག་གཞུང་དང་སྐད་ཡིག་གི་སེམས་བྱུང་བརྟན་པའི་བསམ་བློ་ཞིག་མེད་པའི་ན། ཁོང་ཚོའི་མིག་ལམ་དུ་ཤེས་ཡོན་སྲིད་ཇུས་ནི་མང་ཚོགས་ཀྱི་ཁ་འགོག་བྱེད་ཀྱི་ལག་ཆ་ཞིག་དང་ཤེས་ཡོན་པའི་སྡེ་གྲལ་དུ་འཆད་རྩལ་ངོམས་བྱེད་ཀྱི་གཏམ་བརྗོད་ཅིག་རེད་མ་གཏོགས། ཤེས་ཡོན་སྲིད་ཇུས་འདི་དར་རྒྱས་བཏང་ནས་འདིའི་སྟེང་ནས་བོད་མི་ཡང་དག་ཅིག་སྐྱེད་སྲིང་བྱ་བར་བསམ་བློ་དབེན་ལ། ཤེས་ཡོན་སྲིད་ཇུས་འདིའི་སློབ་མ་དང་སློབ་གྲྭའི་གྲངས་འབོར་མང་དུ་གཏང་བར་སེམས་ཤུགས་དེ་ལས་ཀྱང་ག་ལ་ཡོད། ཁོང་ཚོའི་བསམ་བློ་རུ་བོད་ཕྲུག་འདི་ཚོ་བོད་མིན་རྒྱ་མིན་དང་ཚོར་མེད་ཤུགས་མེད་ཀྱི་མི་རབས་ཞིག་བཟོ་བར་རྔམ་ནས་བསྡད་ཡོད་པ་འདི་རེད། རྒྱུ་རྐྱེན་འདིའི་དབང་གིས་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་སའི་སློབ་གྲྭ་སྟེ་དཔེ་སྟོན་སློབ་གྲྭར་ཡར་རྒྱས་ཅི་ཡང་བཏང་མེད་པར་མ་ཟད། ཡོད་པ་དེའང་མེད་པར་བཟོ་སྟངས་འདི་ལ་བོད་ཀྱི་ཁ་དཔེ་ལ་‘བཞེངས་མཁན་ལྷ་དང་བཤིག་མཁན་འདྲེ་ཡིན་’ཟེར་བའི་སྐད་ཆ་འདི་དག་དག་རེད།
སྐད་ཆ་དྲང་མོ་བཤད་ན། དེང་སྐབས་ཀྱི་དཔེ་སྟོན་སློབ་གྲྭའི་ཁོར་ཡུག་ཆུང་དྲགས་པའི་དཀའ་ངལ་གྱིས་ཁོང་ཚོའི་བུ་ཡི་ཉལ་ཁང་ཕྱེད་ཅིག་དང་བུ་མོའི་ཉལ་ཁང་ཕྱེད་ཀ་ཞིག་གཏུབ་ནས་འཛིན་ཁང་བཟོས་བའི་གཏམ་རྒྱུད་ཡོད་ལ། ལོ་རྗེས་མར་ཁོང་ཚོའི་ཞལ་ལག་མཆོད་སའི་གསོལ་ཚིགས་ཁང་དེ་ཡང་འཛིན་ཁང་དུ་བསྒྱུར་བར་འཆར་གཞི་ཡོད་པར་བཤད། ལོ་དེའི་རྗེས་མར་ཁོང་ཚོའི་ཐབ་ཚང་ཡང་འཛིན་ཁང་དུ་བསྒྱུར་མི་སྲིད་པ་མིན་པས། མགོ་སྐུ་ངོ་བཀའ་བློན་གཙོ་བྱས་པའི་བཀའ་སྤྱི་གཉིས་ཀྱིས་ཀྱང་སེམས་ཁྲལ་བྱ་རན་རེད། ཡང་གཅིག་བཤད་ན། སྐུ་ངོ་དེ་ཚོས་ཨ་སྒོ་ས་ཡ་ས་ཡ་བྱས་ནས་མི་མེད་ལུང་སྟོང་དེ་བ་རུ་སྤོ་ལོ་རྩེད་ཐང་དང་ལམ་ཁ་བཟོ་བ་ལས་མི་འཛོམས་རིག་རྩལ་གྱིས་ཁེངས་པའི་ས་ཆ་ཞིག་ལ་ཤེས་ཡོན་སྲིད་ཇུས་ཀྱི་སློབ་གྲྭ་ཞིག་བཞེངས་ན་མི་ལེགས་སམ། རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་ཕྱག་ལས་འདི་དག་ནི་མི་རབས་ཚ་རྒྱུད་རྣམས་ཀྱི་ཁྱེད་ཅག་གི་བཀའ་དྲིན་བརྗེད་མི་སྲིད་ལ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་སུའང་ཁྱེད་ཅག་གི་བཀའ་དྲིན་བཀོད་ངེས་ཡིན་མོད། འོན་ཏེ། སྐུ་ངོ་འདི་དག་གིས་འཇོན་ས་ཞིག་དང་ཐག་ཉེ་ས་ཞིག་གི་གནད་དོན་བཞག་ནས་མི་འཇོན་ས་ཞིག་དང་ཐག་རིང་ས་ཞིག་ལ་ལག་པ་འཆང་རྒྱུར་དགའ་སྟེ། ཁོང་ཚོས་བཙན་བྱོལ་ནང་གི་སློབ་གྲྭའི་གནས་སྟངས་དང་བོད་སྐད་ཡིག་གི་གནས་བབ་ཡ་མེད་བཏང་ནས་ནུབ་ཕྱོགས་ཀྱི་བོད་སྡེ་ཐར་ཐོར་ཁག་ཅིག་གི་གཟའ་མཇུག་སློབ་གྲྭའི་གནས་སྟངས་ལ་དོད་འཁུར་བྱ་མདོག་གིས་ཕྱག་ལས་གནང་སྟངས་འདི་ལ་གད་མོ་མི་ཤོར་རམ། སྐད་ཆ་དྲང་མོ་བཤད་ན། ཁོང་ཚོ་ནི་བོད་ཡིག་མེད་ས་ཞིག་དང་བོད་མི་མེད་ས་ཞིག་ལ་བཙན་ཚུགས་ཀྱི་འཚང་བ་རེད་མ་གཏོགས་ང་ཚོས་ཨུ་ཚུགས་ཀྱིས་དེད་པ་ཞིག་མ་རེད། ལྷག་པར་དུ་ཁོར་ཡུག་དེ་བ་ཞིག་ནས་བོད་སྐད་ཡིག་གི་ཚེ་སྲོག་བསྐྲུན་རྒྱུ་ཡིན་ཟེར་ན་རྡོ་ཐོག་ཏུ་ས་བོན་འདེབས་མཁན་གྱི་སོ་ནམ་པ་ལྐུགས་པ་ཞིག་དང་ཁྱད་ཅི་ཡོད། དེ་ལས་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ལ་བསམ་བློ་ཐོངས་དང་། དཔེ་སྟོན་སློབ་གྲྭ་འདྲ་བའི་དཀའ་ངལ་ཅན་གྱི་སློབ་གྲྭ་གང་མང་མང་ཞིག་གིས་སྐུ་ངོ་ཁྱེད་ཅག་ལ་སྒུག་ནས་བསྡད་ཡོད་ལ། སློབ་གྲྭ་དེ་དག་གི་ནང་དུ་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་ཨེ་ཐུབ་ལ་བསམ་དགོས་པ་རེད་མ་གཏོགས། སློབ་གྲྭ་གཅིག་རང་གཅིག་གིས་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་བ་ཡིན་ན་ཤེས་ཡོན་སྲིད་ཇུས་འདི་ཆ་ཚང་དུ་སྒོམ་པ་ནི་བྱིས་བློའི་སེམས་བྱུང་ཡིན་ནོ།། ལྷག་པར་དུ་རྒྱབ་ཁབ་ཅིག་དང་མི་རིགས་ཤིག་ལ་ཆ་མཚོན་ན་གཞི་རིམ་འོག་མའི་ཤེས་ཡོན་སྲིད་ཇུས་ཀྱི་སྒྲོམ་གཞི་ཞིག་གིས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དགོས་མཁོ་ཆ་ཚང་བ་ཞིག་སྒྲུབ་དཀའ་བའི་ན། གཞི་རིམ་གྱི་ཤེས་ཡོན་སྲིད་ཇུས་འདི་གཞི་རྐང་དུ་བཟུང་ནས་གཞི་རིམ་གོང་མ་དང་མཐོ་རིམ་བར་དུ་མུ་མཐུད་ནས་འགྲོ་སའི་ཁོར་ཡུག་ཅིག་གམ་སྒྲོམ་གཞི་ཞིག་བཟོ་མ་ཐུབ་ཚེ་ཤེས་ཡོན་སྲིད་ཇུས་འདི་བཟང་ཚུལ་དང་ཡག་ཚུལ་ཇི་ལྟར་བཤད་རུང་རྒྱལ་ཁབ་ཅིག་ལ་ཆ་མཚོན་ནས་བཤད་ན་ཆ་མ་ཚང་བ་རེད་དོ།། མ་ཟད་ཤེས་ཡོན་ཟེར་བ་འདི་སྤྱི་ཚོགས་ཤིག་གིས་ངོས་ཐད་བལྟས་ན་ཁྲོམ་རའི་ནང་གི་ཚོང་རྫས་ལྟ་བུ་ཡིན་པས། ཚོང་རྫས་དེའི་བེད་སྤྱོད་ཀྱི་ཁོར་ཡུག་ཇི་ལྟར་རྒྱ་ཆེ་ན་དེའི་རིན་ཐང་དེ་བཞིན་དུ་རྩ་ཆེན་པོ་དང་ཤུགས་ཆེ་རུ་འགྲོ་རྒྱུ་ནི་ནམ་ལངས་ཉི་ཤར་གྱི་དཔེ་ཡིན་པའི་ན། གོང་སྐུ་ངོ་ཚོས་འབྱུང་འགྱུར་མི་རབས་ཚ་རྒྱུད་རྣམས་བོད་མི་གཙང་མ་ཞིག་གམ་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ངོ་མ་བོད་སྐད་ཡིག་འདིའི་ཆེད་དུ་རང་གི་རྫིག་ཉམས་དང་མཁས་ཉམས་བློས་བཏང་ནས་སྐུ་ལས་བསྐྱོན་དགོས་པར་མཐོང་ངོ་།།
ཡང་ཁ་ཤས་ཀྱིས་འདི་ལྟར་བྱས་ན། རྒྱ་གར་མཐོ་སློབ་ནང་དུ་སློབ་ཕྲུག་ཚོར་དཀའ་ངལ་འདི་དང་དེ་འཕྲལ་ཚུལ་གྱི་རྒྱུ་མཚན་ཡ་མ་ཟུང་གང་མང་བཤད་སྲིད་མོད། འོན་ཀྱང་ཤེས་ཡོན་སྲིད་ཇུས་གསར་བའི་ར་བ་ནས་ཐོན་པའི་སློབ་ཕྲུག་ཚོ་ནི་དུས་ད་ལྟ་རྒྱ་གར་གྱི་སློབ་ཆེན་སྐད་གྲགས་ཅན་གང་མང་གི་ནང་དུ་<ཁྲིམས་ལུགས>དང<སེམས་ཁམས་རིག་པ><གློག་ཀླད>སོགས་ཀྱི་སྡེ་ཁག་ཏུ་རྩེར་སོན་གྱི་སློབ་མ་གསུམ་བཟང་ཅན་རྐྱང་རྐྱང་ཡིན་པའི་གནད་དོན་འདི་ལ་ཞིབ་འཇུག་བྱས་ན་སྲིད་ཇུས་གང་ཞིག་གི་གྲུབ་འབྲས་ཡག་པོ་དང་སྲིད་ཇུས་གང་ཞིག་གི་གྲུབ་འབྲས་སྐྱོ་བ་ཡོད་པ་ཤེས་ངེས་ཡིན། མ་གཞི་ནས་ཤེས་ཡོན་སྲིད་ཇུས་གསར་བའི་མཐར་ཐུག་གི་དགོངས་པ་ནི་བོད་སྐད་ཡིག་གཙོར་བཟུང་གིས་གཞན་སློབ་ཚན་རྣམས་རང་སྐད་ཡིག་གི་སྒང་ནས་ཐོན་པའི་མཐོ་རིམ་མི་སྣ་སྐྱེད་སྲིང་བྱ་རྒྱུ་དེ་རེད་མ་གཏོགས་རྒྱ་གར་གྱི་ལག་འཁྱེར་རྒྱལ་སྒོ་འདྲ་བོ་ལེན་པའི་ཆེད་མ་རེད། དཔེར་ན། རྗེ་ཁི་རིན་ཤིན་མི་ཏི་J KRISHNAMURTIགིས་བཙུགས་གནང་བའི་སློབ་གྲྭ་སྟེ་The Valley School ལྟར་ཡིན་པའི་ན། ཕ་ཤུལ་བུ་འཛིན་གྱི་དཔེ་ལྟར་རྗེ་ཟམ་གདོང་རིན་པོ་ཆེའི་རླབས་ཆེན་གྱི་བྱ་བཞག་རྣམས་གོང་སྐུ་ངོ་ཚོས་མཇུག་སྐྱོང་རན་རེད་ཟེར་བ་འདིའོ།།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།