དྲ་ལམ་དུ་དཀྲོག་གཏམ་སྤེལ་མཁན་ཚོར་ཐག་གཅོད་བྱས་ཡོད་ཟེར།

རྒྱ་ནག་གཞུང་གིས་འདས་པའི་ཟླ་ ༡༠ རིང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དཀྲོག་གཏམ་སྤེལ་མཁན་རིགས་ ༡༣༩ རྩད་ཆོད་ཀྱིས་འདྲི་རྩད་དང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ པོ་ནས་ ༡༠ བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དྲ་རྒྱའི་བདེ་འཇགས་ལ་ཞིབ་བཤེར་དང་དོ་དམ་ཟེར་བའི་ལས་འགུལ་སྤེལ་ཏེ། འདས་པའི་ཟླ་ ༡༠ རིང་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དཀྲོག་གཏམ་སྤེལ་མཁན་མི་གྲངས་ ༡༣༩ རྩད་ཆོད་ཡོད་པ་དང་། དེའི་ཁྲོད་དུ་མི་གྲངས་ ༢༦ འཛིན་བཟུང་བཀག་ཉར་དང་། མི་གྲངས་ ༡༡༣ ལ་འདྲི་རྩད་དང་གོ་སྐོན་སློབ་གསོ་བཏང་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་མི་དེ་དག་གིས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དཀྲོག་གཏམ་དང་ཁྲིམས་འགལ་རིགས་ག་རེ་བྱས་མིན་སོགས་བཀོད་མེད་ན་ཡང་། བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་པས་དྲ་རྒྱ་ནི་ཁྲིམས་མེད་ལུགས་མེད་ཀྱི་ས་ཆ་ཞིག་མིན་པ་དང་། མི་ཚང་མས་ཁྲིམས་ལྟར་ཡ་རབས་ངང་དྲ་ཐོག་ཏུ་ཞུགས་ཏེ་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པར། བདེ་འཇགས་དང་ཞི་མཐུན་བཅས་ལ་དོ་སྣང་བྱེད་དགོས་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ལོ་རེ་བཞིན་བོད་ཁུལ་གྱི་ས་ཆ་སོ་སོར་དྲ་རྒྱའི་བདེ་འཇགས་དང་དྲ་རྒྱ་གཙང་བཟོ་ཟེར་བའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་ལྟར། ལས་འགུལ་དེའི་ཁྲོད་རྒྱ་ནག་གཞུང་གི་བསམ་ཚུལ་དང་མི་མཐུན་པའི་རིགས་སྤེལ་མཁན་དང་། ཕྱིའི་རང་དབང་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་སྤེལ་མཁན་རིགས་འཛིན་བཟུང་ཞིབ་བཤེར་དང་། ཐ་ན་ཁྲིམས་ཐག་སོགས་གཅོད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོ་ནས་རྒྱ་ནག་གཞུང་གིས་སྐད་འཕྲིན་ཚོགས་པ་ཁག་ནང་བསྐུར་མི་ཆོག་པའི་དོན་གནད་ ༨ བརྒྱུད་བསྒྲགས་བྱས་ཏེ་ངན་པ་ཚར་གཅོད་ཀྱི་ལས་འགུལ་ཟེར་ནས་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེར་བྱེད་མགོ་ཤུགས་ཡོད་པ་རེད། 

གཞན་རྒྱ་ནག་གཞུང་གིས་བོད་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་ནམ་རྒྱུན་ཚོར་བ་སྐྱེན་པའི་གནས་ཚུལ་རིགས་དང་། རྒྱ་ནག་གཞུང་གི་དུས་ཆེན་ཁག་ཚེས་ལ་ཉེ་བ་དང་བདེ་འཇགས་སོགས་ལ་ཁ་གཡར་ནས་མི་མང་གི་ཁ་པར་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་གཞུང་གིས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོས་ཁ་པར་ཨང་གྲངས་དང་ཐོབ་ཐང་དཔང་ཡིག་གཉིས་སྦྲེལ་དགོས་པའི་ཁྲིམས་གཞི་ལག་བསྟར་གྱིས། དྲ་རྒྱའི་བརྒྱུད་ལམ་ལ་སྟངས་འཛིན་བྱེད་ཤུགས་བདེ་རུ་བཏང་ཡོད་པ་མ་ཟད། བརྒྱུད་ལམ་བེད་སྤྱོད་གཏོང་མཁན་ཚོས་དྲ་ཁང་སོགས་ལས་ཀ་བྱེད་མཁན་དང་མཉམ་དུ་གན་རྒྱ་ཡི་གེ་འཇོག་རྒྱུ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་རྩ་ཁྲིམས་བརྩི་སྲུང་བྱ་རྒྱུའི་འགན་ལེན་གནང་དགོས་པ་སོགས་བཟོས་ཡོད་པ་རེད།

རྒྱ་ནག་གཞུང་གིས་དྲ་རྒྱའི་སྤྱི་ཚོགས་ནི་རྒྱ་ནག་གི་ཆབ་སྲིད་གནད་དོན་ཐད་ཉེན་ཁ་ཆེས་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་རྒྱ་ནག་དྲ་རྒྱའི་དོ་དམ་ཚན་པ་ཟེར་བས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་སྐད་འཕྲིན་ཐོག་གི་གནས་ཚུལ་སྤྱི་དང་། ལྷག་པར་དུ་ཚོགས་པ་ཁག་ཇེ་མང་དུ་སོང་སྟེ་གནས་ཚུལ་འདྲ་མིན་བརྒྱུད་སྐུལ་བྱེད་བཞིན་པར་སྟངས་འཛིན་བྱེད་ཆེད། མི་གྲངས་ ༡༠ ལས་བརྒལ་བའི་སྐད་འཕྲིན་ཚོགས་པ་ཁག་ནང་བསྐུར་མི་ཆོག་པའི་དོན་གནད་ ༨ ཟེར་བ་ཞིག་གཏན་འབེབ་བྱས་ཡོད་པ་དང་། གལ་སྲིད་མི་ཞིག་གིས་སྒྲིག་འགལ་བྱས་ཚེ་ཆེས་ཉུང་མཐར་ལོ་ ༡ ནས་ལོ་ ༨ བར་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༢༢

Leave a Reply

2 thoughts on “དྲ་ལམ་དུ་དཀྲོག་གཏམ་སྤེལ་མཁན་ཚོར་ཐག་གཅོད་བྱས་ཡོད་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས

    རྒྱ་ནག་གི་བྱེད་སྟངས་དང་ལས་སྟངས་ལ་བསྔགས་བརྗོད་ཞུ་གི་ཡོད་ལ་
    ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དཀྲོགས་གཏམ་སྤེལ་མཁན་གྱི་མིང་རྫུན་
    དྲ་རྒྱ་ལ་འཇུག་མཁན་ཚོར་དབུས་བོད་མིའི་སྒྲིག་འཛུགས་སྡེ་སྲུང་ལས་ཁང་
    ནས་ཞིབ་འཇུག་ནན་པོ་གནང་ནས་མ་འོངས་བཙན་བྱོལ་སྤྱི་ཚོགས་ནང་
    ཞི་བདེ་དང་ལྷིངས་འཇགས་བཟོ་དགོས་པ་དེ་ད་ལྟའི་དབུས་བོད་མིའི་སྒྲིག་
    འཛུགས་འཛིན་སྐྱོང་བཀའ་ཤག་གི་ཐུགས་འགན་མ་རེད་དམ།