ཨོ་གླིང་མངའ་སྡེའི་སྲིད་བློན་ཞིག་གིས་རྒྱུད་གཅིག་ལམ་གཅིག་ལ་མཉམ་འབྲེལ་མིང་རྟཊ་དང་པོ་བཀོད།

ཨོ་གླིང་གི་ཝེག་ཊོ་རེ་ཡ་མངའ་སྡེའི་སྲིད་བློན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་མཉམ་འབྲེལ་མིང་རྟགས་བཀོད་པ་དེར་ཨོ་གླིང་ནང་སྲིད་བློན་ཆེན་མཆོག་ནས་རྒྱལ་ཡོངས་དང་མངའ་སྡེའི་མི་མང་གི་མངོན་འདོད་ཤེས་ཀྱི་མེད་པའི་སྐྱོན་བརྗོད་གནང་།ཨོ་གླིང་གི་ཝེག་ཊོ་རེ་ཡ་ (Victoria) མངའ་སྡེའི་སྲིད་བློན་ཌེ་ནིལ་ཨེན་ཌི་རུ་སི་(Daniel Andrews) ཡིས་ཉིན་གྲངས་གཉིས་རིང་རྒྱ་ནག་ནང་སྐོར་སྐྱོད་བྱས་ཏེ།  ཁ་སང་ཕྱི་ཚེས་ ༢༣ ཉིན། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞིར་མཉམ་འབྲེལ་གྱི་མིང་རྟགས་བཀོད་ཡོད་པ་མ་ཟད། ཨོ་གླིང་གི་མངའ་སྡེ་གཞན་གྱིས་ཀྱང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལ་མཉམ་འབྲེལ་མིང་རྟགས་འགོད་དགོས་པའི་སྐུལ་མ་བྱས་ཡོད་འདུག

ཝེག་ཊོ་རེ་ཡ་མངའ་སྡེའི་སྲིད་བློན་ཌེ་ནིལ་ཨེན་ཌི་རུ་སི་ཡིས། འདི་ནི་ཝེག་ཊོ་རེ་ཡ་མངའ་སྡེའི་བཟོ་ཚོང་ཁང་ཁག་གི་གཞི་རྒྱ་ཆེ་བའི་སྦུག་ལམ་འཛུགས་སྐྲུན་ཙམ་དུ་མ་ཟད། ཐོན་ལས་ཀྱི་སྤུས་ཚད་དང་ཆེད་མཁས་པའི་ལག་རྩལ་གསལ་སྟོན་བྱེད་པའི་གོ་སྐབས་ཤིག་ཡིན་པ་རེད། ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་དང་མཉམ་འབྲེལ་ཟབ་མོ་ཡོད་པར་བློ་སྤོབས་དང་། མ་འོངས་པར་མུ་མཐུད་རྒྱ་ནག་ལ་མཉམ་འབྲེལ་གྱིས་རྒྱ་ནག་གི་མ་འཛུགས་མངའ་སྡེའི་ནང་རྒྱ་སྐྱེད་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་འདུག

ཨོ་གླིང་ནང་སྲིད་བློན་ཆེན་པི་ཊར་ཌུ་ཊོན་ (Peter Dutton) ལགས་ཀྱིས་མངའ་སྡེའི་སྲིད་བློན་ནས་ཨོ་གླིང་རྒྱལ་ཡོངས་དང་མངའ་སྡེའི་མི་མང་གི་མངོན་འདོད་ཤེས་ཀྱི་མེད་པ་མ་ཟད། རྒྱལ་ཡོངས་ཀྱི་མངོན་འདོད་ལ་སྣང་ཆུང་གིས་མིང་རྟགས་བཀོད་ཡོད་སྐོར་དང་། ཨོ་གླིང་བདེ་སྲུང་ཚན་པ་ (Australian Security Intelligence Organisation) ཡིས་དེ་འབྲེལ་གྱི་གནས་ཚུལ་དུས་རྒྱུན་བསྡུ་ལེན་བྱེད་ཀྱི་ཡོད་པ་ལྟར། སྲིད་བློན་ཌེ་ནིལ་ཨེན་ཌི་རུ་སི་ཚུད་པའི་མངའ་སྡེའི་སྲིད་བློན་དང་ཡང་ན་སྤྱི་ཁྱབ་བློན་ཆེན་རྣམས་ལ་མཁོ་གལ་བྱུང་ཚེ་གནས་ཚུལ་གནད་བསྡུས་སྤྲོད་ཀྱི་ཡོད་སྐོར་སོགས་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་ཝེག་ཊོ་རེ་ཡ་མངའ་སྡེའི་སྲིད་བློན་ (Daniel Andrews) པེ་ཅིན་གྱི་རྒྱུད་གཅིག་ལམ་གཅིག་གི་འདུ་ཚོགས་ལ་མཉམ་ཞུགས་བྱས་ཏེ། རྒྱ་ནག་དང་མཉམ་ཚོང་འབྲེལ་རྒྱ་སྐྱེད་དང་ལས་ཀ་གསར་སྐྲུན། མཛའ་འབྲེལ་དམ་ཟབ་གཏོང་ཆེད་རྒྱུས་ལོན་ཆོད་ཡིག་ (Memorandum of Understanding) དང་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལ་མིང་རྟགས་བཀོད་ཡོད་པ་དང་།  ཁོང་ནི་ཨོ་གླིང་རྒྱལ་ཁབ་གྱི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལ་མིང་རྟགས་འགོད་མཁན་ཐོག་མ་དེ་ཆགས་ཡོད་འདུག་ལ། ཝེག་ཊོ་རེ་ཡ་མངའ་སྡེ་ནི་ཨོ་གླིང་གི་མི་འབོར་ཆེ་ཤོས་གཉིས་པ་ཡིན་འདུགཉེ་བའི་ཆར་ཨོ་གླིང་གཞུང་གིས་རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་དྲ་ལམ་ལ་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག ཡུལ་དེའི་ནང་དྲ་ལམ་དེ་འཛུགས་སྐྲུན་བྱ་རྒྱུར་མོས་མཐུན་གནང་མེད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་ཁུང་ཙི་ལྟེ་གནས་ཁང་གིས་སློབ་གྲྭ་དང་མཐོ་སློབ་ཁག་བརྒྱུད་ཨོ་གླིང་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་བརྟེན། ཨོ་གླིང་བོད་དོན་ལས་འགུལ་ཁང་(Australia Tibet council)གཙོ་བོར་གྱུར་བའི་བོད་མི་ཚོས་ཡུལ་དེའི་ཁུང་ཙི་ལྟེ་གནས་ཁག་སྒོ་རྒྱག་ཐབས་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༨ པའི་ཚེས་ ༢༢ ཉིན་ཨོ་གླིང་གི་ཝེལ་སི་ལྷོ་རྒྱུད་གསར་པའི་གཞུང་འབྲེལ་གཙུག་ལག་སློབ་གྲྭ་ (New South Wales)ཡིས། ཁོངས་གཏོགས་མཐོ་སློབ་ཁག་ ༡༣ ནང་ཁུང་ཙི་ལྟེ་གནས་སྒོ་བརྒྱབས་པ་བསྒྲགས་ཡོད་པ་དང་། འདི་ལོ་ནས་བཟུང་ཨོ་གླིང་བདེ་སྲུང་ཚན་པས་རྒྱལ་ཡོངས་ཀྱི་བདེ་སྲུང་དང་ཞིབ་འཇུག ཕན་ཚུན་མཉམ་འབྲེལ་དང་གཙུག་ལག་སློབ་གྲྭ་ཁག་གི་རང་སྐྱོང་བཅས་ཀྱི་ཐད་གསལ་ཁ་ཡོང་ཐབས་ལ་དམིགས་བསལ་ལས་དོན་རུ་ཁག་ཅིག་བཙུགས་ཏེ་ཞིབ་འཇུག་བྱེད་མགོ་བརྩམས་ཡོད་པ་རེད།

ཨོ་གླིང་རྒྱལ་སའི་གཙུག་ལག་སློབ་གྲྭའི་རྒྱལ་སྤྱིའི་འབྲེལ་ལམ་སློབ་དཔོན་ནིག་བྷི་སི་ལེ་ (Nick Bisley) ཡིས། དེ་ནི་ཧ་ཅང་གནད་འགག་ཅན་ཞིག་ཡིན་པ་རེད། རྒྱུ་མཚན་ནི་མངའ་སྡེ་དང་ས་གནས་གཞུང་ནས་དཔལ་འབྱོར་ཐོག་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་པ་ལས་བདེ་སྲུང་དང་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་དེ་ཙམ་སྣང་སྤྲོད་ཀྱི་མེད་པ་རེད། ཨོ་གླིང་དབུས་གཞུང་གིས་རྒྱ་ནག་ཕྱོགས་ཀྱི་བདེ་སྲུང་ལ་དོ་ནན་གྱིས་སྲིད་བྱུས་འཛིན་གྱི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད་ཉམས་ཞིབ་པ་ཚོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཐད། རྒྱུད་དེ་ནི་ངོ་གདོང་ཙམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛུགས་སྐྲུན་གྱི་ཕན་ཁེ་ཆེན་པོ་ཡོད་པའི་སྣང་ཚུལ་ཡོད་ན་ཡང་། ཕུགས་སུ་རྒྱ་ནག་གི་གཞན་གྱི་སྣུམ་དང་ཚོང་ཟོག་དབོར་འདྲེན་སྟབས་བདེ་ཅན་དང་རྒྱ་ནག་གི་དུས་ཡུན་རིང་བོའི་མངའ་ཁོངས་རྒྱ་སྐྱེད་ཐབས་ཀྱི་ལྐོག་ཇུས་ཤིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱ་ནག་གིས་མ་ལི་ཤི་ཡའི་ནང་ཨ་སྒོར་དུང་ཕྱུར་ ༢༠༠ ཅན་གྱི་ལྕགས་ལམ་འཛུགས་སྐྲུན་དང་། ཨ་སྒོར་དུང་ཕྱུར་ ༢༣ གནས་པའི་ལྕགས་སྦུག་ལས་དྲངས་པའི་རླངས་ནུས་ལས་གཞི་སྤེལ་བར། མ་ལི་ཤི་ཡ་གཞུང་ནས་བུ་ལོན་སྤྲོད་མ་ཐུབ་པར་བརྟེན། ཡུལ་དེའི་སིང་གྷ་ལ་ཧམ་སྤན་ཊོ་ཊ་གྲུ་ཁ་ (Port of Hambantota) བཙན་དབང་གིས་རྒྱ་ནག་ལ་མི་ལོ་ ༩༩ རིང་བོགས་གཏོང་བྱེད་དགོས་བྱུང་ཡོད་པ་རེད་ལ། ད་ལྟ་རྒྱ་ནག་གཞུང་གིས་གྲུ་ཁ་དེ་ཚོང་འབྲེལ་ཁོ་ན་ཙམ་མིན་པར་དམག་སྒར་ཞིག་ཏུ་སྒྱུར་ངེས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༢༤

Leave a Reply