ཤེལ་གྱི་རྒྱན་ཆ་བཟོ་མཁན་ལ་ཧིན་སྒོར་བྱེ་བ་གཅིག་གི་མ་དངུལ་ཐོབ།

ལྡེ་ར་རྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་བཙན་བྱོལ་བའི་བཟོ་སྐྲུན་ཁང་གི་པདྨ་ཤེལ་གྱི་རྒྱན་ཆ་བཟོ་སྐྲུན་གྱི་ལས་གཞིར་ཧིན་སྒོར་བྱེ་བ་གཅིག་གི་མ་དངུལ་ཐོབ་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་གངས་སྐྱིད་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། འདི་ལོའི་ཕྱི་ཟླ་  ༡ ཚེས་ ༢ ཉིན་ཁེ་ན་ཌའི་མོན་ཁྲི་ཡོལ་གྱི་བོད་པའི་གསར་བཏོད་ (Tibet Innovations) གཙོས་པའི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་ (TED Initiative) དང་། བོད་ཁང་ཐེབས་རྩ་ (Tibet House Trust) བཅས་མཉམ་འབྲེལ་གྱིས། བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་ཆེད་ཧིན་སྐོར་བྱེ་བ་ ༡ གི་ཚོང་གཉེར་མ་དངུལ་འགྲན་རྩོད་ཅིག་གོ་སྒྲིག་གནང་པའི་ནང་། བོད་མི་ཁེ་ལས་པ་ ༤༣ ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་ནས་རྒྱ་གར་ལྡེ་ར་རྡུན་གྲོང་ཁྱེར་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་སྐལ་ལྡན་ཆོས་འཕེལ་ལགས་དང་། ངག་དབང་ཚུལ་ཁྲིམས་ལགས་གཉིས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་བཙན་བྱོལ་བའི་བཟོ་སྐྲུན་ཁང་ (Exile Creation Pvt. Ltd) གི་པདྨ་ཤེལ་གྱི་རྒྱན་ཆ་ (Padma Jewels) བཟོ་སྐྲུན་གྱི་ལས་གཞི་ལ་རྒྱལ་ཁ་ཐོབ་ཡོད་པ་གསལ་བསྒྲགས་གནང་སོང་།གསར་འགོད་གསལ་བསྒྲགས་སྟེང་། ཚོང་གཉེར་མ་དངུལ་འགྲན་རྩོད་ཀྱི་ལས་གཞི་འདིའི་རྐང་འགན་འཁུར་མཁན་བོད་པའི་གསར་བཏོད་ཀྱི་འགན་འཛིན་དོན་ཟུར་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས། ད་ལན་གྱི་ཚོང་དོན་མ་དངུལ་འགྲན་རྩོད་དེ་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་མཆོག་ཁེ་ན་ཌར་ཆིབས་བསྒྱུར་སྐྱོང་སྐབས། གཞིས་ཆགས་ནང་གི་ལོ་གཞོན་པ་མང་པོ་ཞིག་ཐོན་འགྲོ་ཡི་ཡོད་པ་དང་། རྒན་པ་ཚོ་ཡང་ག་ལེར་རྫོགས་འགྲོ་ཡི་ཡོད་པར་བརྟེན། དེར་ཐབས་ཤེས་འདྲ་ཡོད་མེད་དང་གཞིས་ཆགས་ཁག་ལ་ལྟ་སྐོར་དུ་འགྲོ་ཐུབ་ན་ཡག་པོ་ཡོད་པའི་བཀའ་སློབ་ཕེབས་པ་ལྟར། ཕྱི་ལོ་ ༢༠༠༦ ལོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་ཕྱག་བྲིས་ཤིག་བསྣམས་ཏེ་བོད་མིའི་གཞིས་ཆགས་ཁག་ལྟ་སྐོར་དུ་ཕེབས་སྐབས། ཐབས་ཤེས་ཤིག་མ་བཙལ་ན་གཞིས་ཆགས་ཁག་མི་སྟོང་རྒྱུའི་ངེས་པ་མི་འདུག་སྙམ་སྟེ། རིམ་པས་དཔལ་འབྱོར་བསྡུ་འགོད་ཀྱི་ལས་གཞི་མགོ་བཙུགས་ཏེ་རྒྱ་གར་གྱི་བོད་མིའི་གཞིས་ཆགས་ནང་ལས་ཀའི་གོ་སྐབས་བསྐྲུན་རྒྱུའི་ལས་གཞི་འདི་སྤེལ་བ་ཡིན་སྐོར་དང་། ད་ལན་ཨ་རིར་གནས་སྡོད་བོད་རིགས་བུད་མེད་བསྟན་འཛིན་གསལ་སྒྲོན་ལགས་དང་། ཁེ་ལས་པའི་ཉམས་མྱོང་ཡོད་པ་མ་ཟད་བོད་པའི་གཞིས་ཆགས་ཁག་ལ་རྒྱུས་ཡོད་པའི་རྒྱ་གར་བ་གཉིས་བཅས་ཁྱོན་གཟུ་དཔང་གསུམ་གྱིས་འགྲན་བསྡུར་རིམ་པ་གསུམ་བརྒྱུད། སྤྱི་མོས་ཀྱི་ཐོག་ནས་བདེ་སྐྱིད་གླིང་དུ་ཡོད་པའི་པདྨ་ཤེལ་གྱི་རྒྱན་ཆར་བྱེ་བ་ ༡ གི་ཆོང་གཉེར་མ་དངུལ་སྤྲོད་རྒྱུ་བྱས་ཡོད་སྐོར་བརྗོད་སོང་། ཡང་ཁོང་གིས། ཕྱིས་སུ་བོད་པའི་ཚོང་པ་ཆེ་བ་རྣམས་ཀྱིས་ཚོང་བ་ཆུང་བ་རྣམས་ལ་རོགས་འདེགས་བྱ་རྒྱུའི་རེ་བ་ཡོད་པ་དང་། ད་ལྟའི་དུས་སྐབས་འདིར་བོད་པས་བོད་པར་རོགས་པ་བྱ་རྒྱུ་ལས། རྟག་པར་ནུབ་ཕྱོགས་ལ་རོགས་པ་སློང་རྒྱུ་མེད་སྐོར་བརྗོད་སོང་།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། མི་ཚང་མས་གཞིས་ཆགས་སྲ་བརྟན་དགོས་སྐོར་གསུང་གི་ཡོད་ཀྱང་། སྐལ་ལྡན་ཆོས་འཕེལ་ལགས་དང་ངག་དབང་ཚུལ་ཁྲིམས་ལགས་གཉིས་ཀྱིས་བདེ་སྐྱིད་གླིང་དུ་ཡོད་པའི་རྒྱན་ཆའི་བཟོ་གྲྭའི་ནང་བོད་མི་ ༣༠ ལ་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་པ་ལྟར། གལ་ཏེ་མི་ ༢༠ ཡིས་ལས་ཀ་བསྐྲུན་ན་བོད་མི་ ༦༠༠ ལ་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་པས། མི་སྒེར་གཉིས་ཀྱི་ཕྱག་ལས་དེ་ནི་ཧ་ལས་པའི་ཕྱག་ལས་ལེགས་པོ་ཞིག་ཡིན་པ་དང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ལ་བཅའ་ཁྲལ་ལག་དེབ་དང་བོད་མི་ཁག་ཅིག་གི་ཞལ་འདེབས་བརྒྱུད་ནས་དཔལ་འབྱོར་བརྒྱ་ཆ་ ༡༠ མ་གཏོགས་མཁོ་སྒྲུབ་བྱེད་ཐུབ་ཀྱི་མེད་པར། ལྷག་འཕྲོ་བརྒྱ་ཆ་ ༩༠ རྣམས་ཕྱི་རྒྱལ་ལ་སློང་གི་ཡོད་པ་དང་། གལ་ཏེ་བོད་མི་ནང་ཁུལ་ལ་ཐབས་ཤེས་བཙལ་ཏེ། བོད་པ་གཅིག་གིས་འབུམ་ ༡༠༠ དང་། བོད་པ་ ༡༠ ཡིས་འབུམ་ ༡༠༠༠ འཁུར་ཡོང་ཚེ། རང་བཞིན་གྱིས་རང་ཁ་རང་གསོ་ཆགས་ཐབས་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་ཀྱང་ལོ་ལྟར་བུན་གཡར་གྱི་ལས་གཞིའི་འོག་ནས་བོད་མི་སུད་ཚོང་བ་དང་། ལམ་ཁྲོམ་པ། རླངས་འཁོར་སྐོར་མཁན་བཅས་ལ་ཁྱོན་ཧིན་སྐོར་བྱེ་བ་ ༢༨ ལྷག་བགོ་འགྲེམ་བྱེད་ཀྱི་ཡོད་པ་དང་། གཞིས་ཆགས་སྲ་བརྟན་ཆེད་མཐུན་རྐྱེན་སྦྱོར་རྒྱུ་དེ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཞིག་ཡིན་སྐོར་སོགས་གསུངས་སོང་།

ད་ཐེངས་ཧིན་སྐོར་བྱེ་བ་ ༡ གི་ཚོང་གཉེར་མ་དངུལ་ཐོབ་མཁན་སྐལ་ལྡན་ཆོས་འཕེལ་ལགས་དང་ངག་དབང་ཆོས་འཕེལ་ལགས་གཉིས་ཀྱིས་ཧིན་སྒོར་བྱེ་བ་ ༡ ཐོབ་པ་དེས་ལས་གཞིའི་དམིགས་ཡུལ་བཞིན་བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་ཐབས་དང་། ལས་མི་རྣམས་ལ་ཡང་གླ་ཡོན་གང་འཚམ་མཐོན་པོ་སྤྲོད་རྒྱུ་ཡིན་སྐོར་དང་། པདྨ་རྒྱན་ཆ་བཟོ་བསྐྲུན་གྱི་ལས་གཞི་དེ་ལེགས་གྲུབ་ཡོང་རྒྱུའི་གདེང་ཚོད་ཆེན་པོ་ཡོད་སྐོར་སོགས་བརྗོད་སོང་བ་དང་། པདྨ་རྒྱན་ཆ་བཟོ་བསྐྲུན་གྱི་ལས་གཞི་འདི་མགོ་འཛུགས་བྱས་རྗེས་བོད་པའི་གསར་བཏོད་དང་དཔལ་འབྱོར་ལས་ཁུངས་བཅས་ནས་ལས་གཞིའི་དམིགས་ཡུལ་གཞིར་བཟུང་ལག་བསྟར་ཐུབ་ཀྱི་ཡོད་མེད་སོགས་ཀྱི་ཐད་ལ་མུ་མཐུད་རྟོག་ཞིབ་གནང་རྒྱུ་ཡིན་འདུགབཙན་བྱོལ་བའི་བཟོ་སྐྲུན་སྤྱི་གཉེར་ཁང་དེ་ཉིད་ཕྱི་ལོ་ ༢༠༡༢ ལོར་སྐལ་ལྡན་ཆོས་འཕེལ་ལགས་དང་ངག་དབང་ཚུལ་ཁྲིམས་ལགས་གཉིས་ཀྱིས་མགོ་འཛུགས་བྱས་ཡོད་པ་དང་། སྤྱི་གཉེར་ཁང་དེས་ཤེལ་ལས་གྲུབ་པའི་བོད་ལུགས་ཀྱི་རྒྱན་ཆ་བཟོ་བསྐྲུན་དང་འཆར་འགོད་བྱེད་ཀྱི་ཡོད་ཅིང་། ད་བར་བཟོ་གྲྭའི་ངོ་བོའི་ཐོག་ནས་ཤེལ་གྱི་རྒྱན་ཆ་བཟོ་སྐྲུན་གྱིས་ཡུ་རོབ་ཀྱི་སྤྱི་གཉེར་ཁང་ཞིག་ལ་མཁོ་སྤྲོད་བྱེད་ཀྱི་འདུག་ཀྱང་། ད་ལན་གྱི་ཧིན་སྒོར་བྱེ་བ་ ༡ གི་མ་དངུལ་བེད་སྤྱད་དེ། རང་གི་ཚོང་རྟགས་ཡོད་པའི་ཤེལ་གྱི་རྒྱན་ཆ་བཟོ་སྐྲུན་གྱིས་རྒྱལ་སྤྱིའི་ཁྲོམ་རའི་ནང་ཚོང་འགྲེམ་བྱ་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༢༥

Leave a Reply

2 thoughts on “ཤེལ་གྱི་རྒྱན་ཆ་བཟོ་མཁན་ལ་ཧིན་སྒོར་བྱེ་བ་གཅིག་གི་མ་དངུལ་ཐོབ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁྱིམ་ཚང་སྒེར་པ་ནས་ལས་འཆར་དེ་འདྲ་སྤེལ་ཐུབ་ཀྱི་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལྷན་ཁང་དང་སྤྱི་མཐུན་མཉམ་འབྲེལ་སོགས་ནས་ལས་འཆར་དེ་འདྲ་སྤེལ་ཐུབ་
    ཀྱི་མེད་པ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས་

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་ཆེ་ཤོས་དེ་དབུལ་ཕོང་ཉམས་བདག་གི་འཚོ་འགན་གཙང་སེལ་བཟོ་རྒྱུ་དེ་ལས་ལྷག་པའི་འབྱོར་ལྡན་གྲལ་རིམ་ལ་རོགས་སྐྱོར་གནང་རྒྱུ་དེ་
    གཡང་རྩེ་ཁ་ལ་ཡར་མགྲོན་དང་འགྱེལ་བའི་སྒང་ལ་རྡོག་རྫིས་ཟེར་བའི་སྔ་མོ་བོད་ཀྱི་གཏམ་
    དཔེ་དེ་མིན་ན་སྟབས་ཡག་བཙན་བྱོལ་སྤྱི་ཚོགས་ནང་དཔལ་འབྱོར་མགྲན་བསྡུར་གྱི་ལས་གཞི་
    གསར་གཏོད་གནང་བ་ཐུགས་རྗེ་ཆེ་བཀྲིན་ཆེ།