ཧོང་ཀོང་ཡར་ལངས་སྐོར་གྱི་གནས་ཚུལ་སྤེལ་བས་འཛིན་བཟུང་བྱས།

རྒྱ་ནག་གི་བུད་མེད་ཐོབ་ཐང་འཐབ་རྩོད་པ་དང་རང་དབང་གསར་འགོད་པ་ཞིག་གིས་ཧོང་ཀོང་གི་ཡར་ལངས་གནས་ཚུལ་སྤེལ་རྐྱེན་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག 

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཁྲིམས་རྒོལ་གནས་ཚུལ་སྤེལ་བའི་རྐྱེན་གྱིས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་རང་དབང་གསར་འགོད་པ་དང་རྒྱ་ནག་གི་བཙན་གཡེམ་ངོ་རྒོལ་ལས་འགུལ་བ་དང་། རྒྱ་ནག་གི་ང་ཡང་ཡིན་(Me Too)ཞེས་པའི་བུད་མེད་ཐོབ་ཐང་འཐབ་རྩོད་སྣེ་ཁྲིད་གྲས་ཡིན་པ་སོ་ཧྥེ་ཧོང་ཞའོ་ཆཱན(Sophia Huang Xueqin)ཧོང་ཀོང་ནས་ཕྱིར་རྒྱ་ནག་ཏུ་ལོག་རྗེས་འཛིན་བཟུང་བཙན་ཁྲིད་ཀྱིས། ད་ལྟའི་ཆར་རྒྱ་ནག་ཀོང་ཀྲུའུ་བྷེ་ཡཱོན(Guangzhou Baiyun)ཁྲིམས་ཁང་དུ་བཀག་ཉར་འོག་བཞག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་ལ་བརྗོད་པ་ལྟར་ན། རྒྱ་ནག་སྐམ་སའི་བུད་མེད་ཐོབ་ཐང་འཐབ་རྩོད་གྲགས་ཅན་ཧོང་ཞའོ་ཆཱན་ཤེས་ཡོན་འགྲུལ་བཞུད་དང་གུང་གསེང་སོགས་ཀྱི་ཆེད། ཨ་རི་དང་ཐའེ་ཝན། ཧོང་ཀོང་སོགས་སུ་ཟླ་ ༦ ཙམ་བསྡད་རྗེས་ཕྱིར་རྒྱ་ནག་སྐམ་སར་ལོག་པ་དང་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་བདུན་ཕྲག་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་ཁོ་མོའི་ནང་མི་དང་འབྲེལ་ཡོད་ལ་ཐུག་འཕྲད་བྱེད་བཅུག་མེད་སྐོར་བརྗོད་ཡོད་འདུག  གནས་ཚུལ་ཡོངས་ཁུངས་གཞན་ལྟར་ན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་མོ་འཛིན་བཟུང་བྱེད་དོན་ཉེན་རྟོག་ཁང་ལ་ཁ་རྩོད་དང་དཀའ་རྙོག་བཟོས་པས་ཡིན་སྐོར་བརྗོད་ཀྱང་། འབྲེལ་ཡོད་ཚོས་མིའི་ཧོང་ཀོང་དང་འབྲེལ་བའི་གནས་ཚུལ་དང་པར་རིས་སྤེལ་བའི་རྐྱེན་གྱིས་ཡིན་པར་དོགས་གཞི་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ཁོ་མོའི་ཕྱི་སྐྱོད་ལག་འཁྱེར་དང་ཐོབ་དཔང་སོགས་མེད་པ་བཏང་ཡོད་སྐོར་བརྗོད་འདུག

ཁོ་མོས་སྤེལ་བའི་གནས་ཚུལ་གཅིག་གི་ཁ་བྱང་ལ་བཙན་གནོན་ལ་རྒོལ་བ་ཞེས་བྲིས་ཡོད་པ་དང་། རྩོམ་ཡིག་དེའི་ནང་བཙན་གནོན་དབང་བསྒྱུར་བ་ཚོ་མི་གྲངས་མང་ཉུང་གི་ཐད་ནས་རྒྱལ་ཁ་ཐོབ་སྲིད་ན་ཡང་། འགྲོ་བ་མིའི་སེམས་ཁམས་ངོས་ནས་ཁོ་ཚོར་རྒྱལ་ཁ་ཐོབ་མི་སྲིད་ཅེས་བྲིས་པ་དང་འབྲེལ། ཧོང་ཀོང་གི་ཁྲིམས་རྒོལ་ཡར་ལངས་སྐབས་ཀྱི་མི་མང་གི་པར་རིས་སོགས་སྤེལ་ཡོད་པ་དང་། འབྲེལ་ཡོད་ཅིག་གིས་འདི་ལོའི་ཕྱི་ཟླ་ ༦ ནང་ཁོ་མོ་ཧོང་ཀོང་དུ་ཡོད་སྐབས་གནས་ཚུལ་ཞིག་སྤེལ་བའི་རྐྱེན་གྱིས་ཉེན་རྟོག་པ་ཚོ་ཁོ་མོའི་ནང་དུ་ཡོང་ནས་ཕ་མ་གཉིས་ལ་ཐུག་འཕྲད་བྱས་ཡོད་པ་དང་། ཕལ་ཆེར་དེ་སྔོན་ནས་གཞུང་གི་དཔོན་རིགས་ཚོས་ཁོ་མོར་ལྟ་རྟོག་བྱེད་མགོ་ཚུགས་ཡོད་པའི་རྟགས་ཤིག་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཁྲིམས་རྒོལ་ཡར་ལངས་གནས་ཚུལ་རྒྱ་ནག་སྐམ་ས་ཆེན་མོ་མཆེད་རྒྱུར་དམ་དྲག་དོགས་ཟོན་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ཧོང་ཀོང་ནང་མི་མང་ཡར་ལངས་ལས་འགུལ་བྱུང་ནས་ཟླ་ ༥ ལྷག་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལྟ་ཞིབ་བྱེད་མཁན་གྱི་ཚོགས་པའི་ཉམས་ཞིབ་པ་ཡའོ་ཆོ་ཝང(Yaqiu Wang)གིས་ཐེངས་འདིར་ཧོང་ཞའོ་ཆཱན་འཛིན་བཟུང་སྐོར་ལ་གསལ་བཤད་གང་ཡང་མེད་པར་བཙན་ཁྲིད་བཀག་སྐྱིལ་བྱས་ཡོད་པ་དང་། གནད་དོན་འདི་དང་འབྲེལ་ནས་རང་དབང་གསར་འགོད་པ་ཚོར་རྒྱ་ནག་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མཚོན་བཞིན་ཡོད་སྐོར་དང་། ཡང་མོས་ཨ་པེ་་གསར་ཁང་ལ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཧོང་ཀོང་གནད་དོན་ལ་རྒྱབ་སྐྱོར་དང་གླེང་སློང་བྱེད་མཁན་ཚོར་ཉེས་པ་འདྲ་མིན་གཡོག་ནས་བཙན་གནོན་བྱེད་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དེས་སྙན་ཐོ་ཞིག་བཏོན་པའི་ནང་། ཧོང་ཀོང་གི་ནང་ཡར་ལངས་ལས་འགུལ་བྱུང་བ་ནས་རྒྱ་ནག་སྐམ་ས་ཆེན་མོའི་ནང་གནད་དོན་དེ་དང་འབྲེལ་ནས་མི་ ༦ ལྷག་འཛིན་བཟུང་བཙན་འཁྲིད་དང་བྱས་ཡོད་སྐོར་བརྗོད་འདུག

སོ་ཧྥེ་ཧོང་ཞའོ་ཆཱན་ནི་ད་ལོ་ལོ་ན་ ༣༠ ཡིན་པ་དང་། དེ་སྔ་ཀོང་ཀྲུའུ་གཞུང་འབྲེལ་གསར་ཁང་ཞིག་ཏུ་གསར་འགོད་པའི་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་མོ་རང་སྒེར་ལ་བཙན་གཡེམ་གྱི་གནས་ཚུལ་ཞིག་འཕྲད་པ་དང་མཉམ་དུ་ལས་ཀ་བཞག་ནས་ང་ཡང་ཡིན་ཞེས་པའི་ལས་འགུལ་དང་བུ་མེད་ཀྱི་ཐོབ་ཐང་འཐབ་རྩོད་སོགས་ཀྱི་ལས་འགུལ་སྤེལ་མགོ་ཚུགས་ཡོད་པ་དང་། ཁོ་མོའི་ང་ཡང་ཡིན་ཞེས་པའི་ལས་འགུལ་སྤེལ་བར་བརྟེན་རྒྱ་ནག་ནང་བཙན་གཡེམ་དང་མནར་གཅོད་ཐེབས་པའི་བུད་མེད་མང་པོ་ཞིག་དངོས་སུ་སྤྱི་ཚོགས་སུ་ཐོན་ནས་བུད་མེད་ཐོབ་ཐང་འཐབ་རྩོད་དང་། བཙན་གཡེམ་མནར་གཅོད་ཐད་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གཙུག་ལག་སློབ་གྲྭ་དང་གཞུང་འབྲེལ་གསར་ཁང་ཁག་ཏུ་བུད་མེད་ཁ་ཤས་ཀྱང་ང་ཡང་ཡིན་ཞེས་པའི་ལས་འགུལ་ནང་དངོས་སུ་ཐོན་ཡོད་པ་སོགས། ཁོ་མོའི་ལས་འགུལ་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་ན་ཡང་རྗེས་སུ་རྒྱ་ནག་གཞུང་གིས་དྲ་ལམ་སོགས་ནས་ཁོ་ཚོའི་ལས་འགུལ་ལ་ཡང་དང་ཡང་དུ་དམ་དྲག་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༢༥

Leave a Reply

One thought on “ཧོང་ཀོང་ཡར་ལངས་སྐོར་གྱི་གནས་ཚུལ་སྤེལ་བས་འཛིན་བཟུང་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་ལ་བཟང་སྤྱོད་ལ་འགན་འཁུར་ཐུབ་པའི་ཁྲིམས་མེད་པ་དང་ལས་འབྲས་ལ་རྩི་སྲུང་ཞུ་སའི་ཆོས་མེད་པ་བཅས་གསར་འགོད་པའི་རང་དབང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་
    སྲིིད་གཞུང་དེ་དག་མུ་འཐུད་ནས་ནམ་ཡང་གནས་མི་ཐུབ་པ་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་འགྱུར་
    བ་འགྲོ་རྒྱུ་ཡིན་པ་འཛམ་གླིང་ཤར་ནུབ་ལུང་པ་མང་པོའི་ཆབ་སྲིད་འཕེལ་རིམ་ནས་ང་་ཚོར་
    སྔོན་བརྡ་སྤྲོད་བཞིན་པ་གསལ་པོ་མ་རེད་དམ།