ཁ་ཆེའི་དྲག་སྤྱོད་པའི་གཏེ་བོ་བསད་ཡོད་ཟེར།

ཨ་རིའི་གཞུང་གིས་ཁ་ཆེའི་དྲག་སྤྱོད་ཚོགས་པ་(ISIS)ཡི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌིའི་སྡོད་གནས་རྩད་ཆོད་དེ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་དམིགས་བསལ་འགུལ་སྐྱོད་བྱས་པ་བརྒྱུད་ཁྱི་བཞིན་ཤི་སྟེ་རྩ་མེད་བཟོས་ཡོད་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་བརྙན་འཕྲིན་བརྒྱུད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་དམག་གིས་གློ་བུར་དུ་སི་རི་ཡའི་ནུབ་བྱང་མཚམས་སུ་དཔུང་འཇུག་བྱས་ཏེ། ཨི་རག་དང་སི་རི་ཡའི་མཉམ་འབྲེལ་ཚོགས་པ་(ISIS) ཞེས་པའི་ཁ་ཆེའི་དྲག་སྤྱོད་པའི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་ (Abu Bakr al-Baghdadi)དམར་གསོད་གཏོང་བའི་གསང་བའི་འགུལ་སྐྱོད་བྱས་ཡོད་པ་དང་། ཐར་ལམ་མེད་པའི་གནས་སྟངས་སུ་བསླེབས་པ་དང་ཨལ་བྷ་གྷ་ཌི་ཡིས་རང་གི་བྱིས་པ་གསུམ་དང་ལྷན་དུ་རང་སྲོག་བཅད་དེ་ཁྱི་བཞིན་ཤི་ཡོད་སྐོར་བསྒྲགས་འདུག

སྲིད་འཛིན་ཊོམ་ཕུ་མཆོག་གིས་གསལ་བསྒྲགས་དེའི་ནང་དུ།  ང་ཚོའི་དམག་ཁྱི་ཡིས་ཨལ་བྷ་གྷ་ཌི་བྲོས་པར་རྗེས་འདེད་བཏང་སྟེ་མཐར་ཁོ་རང་གིས་འགད་རྫས་སྤར་ཏེ་སོ་སོའི་བྱིས་པ་གསུམ་དང་ལྷན་དུ་རང་སྲོག་བཅད་པ་རེད། ནད་ཀྱིས་མནར་བ་དང་ཉམས་དམའ་བོ་ཡིན་པའི་ཁོ་བསད་ཡོད་པ་དང་། ཁོའི་རིགས་རྒྱུད་ (DNA) ལ་བརྟག་དཔྱད་བྱས་པ་བརྒྱུད་དྲག་སྤྱོད་པའི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་ཡིན་པ་ངེས་གཏན་བྱུང་ཡོད་སྟབས། ཁོ་འཛིན་པ་དང་གསོད་རྒྱུ་ནི་ཨ་རིའི་བདེ་སྲུང་གི་གལ་གནད་ཆེ་ཤོས་ཤིག་ཡིན་པ་ལྟར་ལེགས་འགྲུབ་བྱུང་བ་རེད། ཅེས་དང་། དཔུང་འཇུག་དེའི་ཁྲོད་ཨལ་བྷ་གྷ་ཌི་ཡི་དཔུང་རོགས་མང་པོ་ཞིག་ཀྱང་བསད་ཡོད་ནའང་། ཐེངས་འདིའི་དཔུང་འཇུག་ཁྲོད་ཨ་རིའི་དམག་གཅིག་ཀྱང་བསད་མེད་སྐོར་གསུངས་འདུགདེ་བཞིན་སྲིད་འཛིན་ཊོམ་ཕུ་མཆོག་ནས་སི་རི་ཡའི་ནང་གི་ཐེངས་འདིའི་གློ་བུར་དཔུང་འཇུག་ལེགས་འགྲུབ་བྱུང་བ་དང་བསྟུན། ཨུ་རུ་སུ་དང་སི་རི་ཡ། ཊར་ཀི་དང་ཨི་རག་བཅས་ཀྱི་རོགས་འདེགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཊར་ཀི་གཞུང་ནས་མི་ངན་དྲག་སྤྱོད་པའི་གཏེ་བོ་གསོད་པར་རོགས་རམ་ཐུབ་པ་བྱུང་བར་དགའ་སྤོབས་སྐྱེས་ཀྱི་ཡོད་ལུགས་བརྗོད་ཡོད་ནའང་། ཨུ་རུ་སུའི་བདེ་སྲུང་ལྷན་ཁང་གིས་ཨུ་རུ་སུ་གཞུང་ནས་ཨ་རིར་རོགས་འདེགས་ཅི་ཞིག་བྱས་མིན་ཤེས་རྟོགས་མེད་སྐོར་བརྗོད་འདུག

ཨ་རིའི་བྷི་རའོ་ཁི་སི་སློབ་གླིང་ (Brookings Institution) གི་ཉམས་ཞིབ་པ་རན་ཇི་ཨ་ལལ་ཌིན་ (Ranj Alaaldin) གྱིས། འཇིགས་སྐུལ་དྲག་སྤྱོད་ཀྱི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་བསད་པ་ཡིས་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་ཤོག་ཁག་གི་ཁྱབ་ཚད་དང་ད་ཡོད་ཀྱི་ཚོགས་པའི་རྒྱབ་སྐྱོར་བའི་བྱ་འགུལ་སྤེལ་ཚད། དེ་བཞིན་འདས་པའི་མཚན་སྙན་བསྐྱར་གསོ་ཡོང་བའི་ནུས་པ་ཆུང་དུ་ཕྱིན་ནའང་། དྲག་སྤྱོད་ཚོགས་པ་དེར་མི་མངོན་པའི་ངང་དྲག་སྤྱོད་སྤེལ་བའི་ནུས་པ་ད་དུང་ཡོད་པ་རེད། ཅེས་བརྗོད་འདུག་ལ། དྲག་སྤྱོད་ཀྱི་གནས་ཚུལ་དབྱེ་ཞིབ་པ་ཧི་སམ་ཨལ་ཧཱ་ཤི་མེ་ (Hisham al-Hashemi) ཡིས་ཆོས་ལུགས་དང་འབྲེལ་བའི་དྲག་སྤྱོད་ཚོགས་པའི་གཏེ་བོ་ཤི་རྗེས་ཚོགས་པ་ཕལ་ཆེ་བ་ཁ་འཐོར་དུ་འགྲོ་ཡི་ཡོད་པ་བཞིན། ཚོགས་པ་དེའང་འཐོར་ངེས་ཡིན་པའི་ཚོད་དཔག་བྱས་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཐོག་མར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་ཡི་སྡོད་གནས་རྩད་གཅོད་བྱུང་རྗེས། བདེ་སྲུང་ལྷན་ཁང་ལ་གནས་ཚུལ་མཁོ་སྤྲོད་ཀྱིས་བདུན་ཕྲག་འགའི་རིང་ལྟ་རྟོག་བྱས་ཏེ། ཐེངས་གསུམ་ཙམ་རིང་དཔུང་འཇུག་བྱེད་རྩིས་བྱས་ཡོད་ཀྱང་ལེགས་འགྲུབ་བྱུང་མེད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་མཚན་མོར་ཨ་རིའི་རིམ་པ་དང་པོའི་དམིགས་བསལ་དམག་དཔུང་འཐབ་འཛིང་སྡེ་ཚན་(Delta Force) གྱིས་དུས་ཚོད་གཉིས་ཙམ་རིང་འགུལ་སྐྱོད་བྱས་པ་བརྒྱུད་དྲག་སྤྱོད་པའི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་རྩ་མེད་བཟོ་ཐུབ་ཡོད་པར་བཤད།

དྲག་སྤྱོད་ཀྱི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་ (Abu Bakr al-Baghdadi) ནི་ཕྱི་ལོ་ ༡༩༧༡ ལོར་ཨི་རག་ནང་སྐྱེས་པ་དང་། མཐོ་སློབ་སྐབས་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་དང་ཕྱིས་སུ་ཁ་ཆེའི་གསུང་རབ་ལ་སློབ་གཉེར་བྱས་རྗེས། འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་འགུལ་ནང་ཞུགས་ཏེ་བུད་མེད་ལ་བཙན་གཡེམ་དང་གཅར་རྡུང་། གསར་འགོད་པ་འཛིན་བཟུང་གིས་སྐེ་གཏུབ་པ་དང་རིག་གཞུང་གི་ལྟེ་གནས་མང་པོ་གཏོར་བཅོམ་སོགས་བྱས་པར་བརྟེན། ཕྱི་ལོ་ ༢༠༡༡ ལོར་ཨ་རིའི་གཞུང་གིས་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་རྩད་གཅོད་བྱས་ཏེ་འཛིན་བཟུང་དང་གསོད་ཐུབ་ཚེ་ཨ་སྒོར་ས་ཡ་ ༡༠ ཡི་རྔན་པ་སྤྲོད་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྔན་པ་ཨ་སྒོར་ས་ཡ་ ༢༥ ལ་སྤར་ནས་བསྐྱར་དུ་ཡོངས་བསྒྲགས་བྱས་ཡོད་འདུགཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་ཁ་ཆེའི་དྲག་སྤྱོད་ཚོགས་པས་ཨ་རིའི་འཛམ་གླིང་ཚོང་འབྲེལ་ལྟེ་གནས་གནམ་གྱི་ཀ་བ་སྤུན་གཉིས་སུ་གྲགས་པའི་ཐོག་རྩེེག་གཉིས་ལ་གློ་བུར་གཏོར་རྒོལ་བྱས་རྗེེས། སྐབས་དེའི་ཨ་རིའི་སྲིད་འཛིན་བྷོ་ཤུ་(George W. Bush)མཆོག་ནས་དྲག་སྤྱོད་པར་འཐབ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པའི་(War on Terror)ཡོངས་བསྒྲགས་བྱས་ཡོད་པ་མ་ཟད།  དྲག་སྤྱོད་པའི་མགོ་གཙོ་ཨོ་སཱ་མཱ་བྷིན་ལཱ་ཌིན་གང་དུ་ཡོད་མེད་ཤེས་ན་ཨ་སྒོར་ས་ཡ་ ༢༥ ཡི་རྔན་པ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་པ་ལྟར། ཕྱི་ལོ་ ༢༠༡༡ ལོར་༥ ཚེས་ ༢ ཉིན་ཨལ་ཁ་དཱ་(al-Qaeda)དྲག་སྤྱོད་ཚོགས་པའི་མགོ་གཙོ་ཨོ་སཱ་མཱ་བྷིན་ལཱ་ཌན་(Osama bin Laden)པཱ་ཀི་སི་ཐན་གྱི་ནུབ་བྱང་ཁུལ་གྱི་དམག་གི་རྟེན་གཞི་ཞིག་གི་ཉེ་འགྲམ་དུ་ཡོད་པའི་རང་ཁྱིམ་ནས་དམར་གསོད་བཏང་། ཁོའི་བུ་ཧམ་ཛ་བྷིན་ལཱ་ཌིན་(Hamza bin Laden)གྱིས་དྲག་སྤྱོད་ཚོགས་པ་དེའི་མགོ་འཁྲིད་དེ་མ་འོངས་པར་དགྲ་ཤ་ལེན་སྲིད་པའི་འཇིགས་སྣང་ཡོང་ཡོད་པར་བརྟེན། ཨ་རིའི་གཞུང་ནས་ཧམ་ཛ་བྷིན་ལཱ་ཌིན་གྱི་སྡོད་གནས་ཤེས་རྟོགས་བྱུང་ན་ཨ་སྒོར་ས་ཡ་གཅིག་གི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་ཡོངས་བསྒྲགས་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིའི་གཞུང་འབྲེལ་མི་སྣས་ཧམ་ཛ་བྷིན་ལཱ་ཌིན་བསད་ཚར་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༢༩

Leave a Reply

2 thoughts on “ཁ་ཆེའི་དྲག་སྤྱོད་པའི་གཏེ་བོ་བསད་ཡོད་ཟེར།

  1. མི་གསོན་པོ།

    ང་ཚོའི་དམག་ཁྱི་ཟེར་ན་ཨ་རི་དམག་མི་ཁྱི་ཡིན་པའི་སྐད་ཆ་རེད་དམ། ཁྲོམ་གྱིས་དངོས་གནས་དེ་འདྲ་ལབ་འདུག་གམ།

  2. གཞུང་པ་ཚེ་དབང་བསོད་ནམས

    ཨ་རིའི་ཁ་ཆེའི་དྲག་སྤྱོད་གཙང་སེལ་བཟོ་རྒྱུ་ནི་དཀའ་་བའི་བྱ་བཞག་ལ་སོང་མི་དང་མི་ཐུག་ནས་ཕན་ཚུན་སྐད་ཆ་བཤད་ནས་ཐབས་ལམ་ཚོལ་དགོས་པ་ནི་ཞི་བདེ་མཉམ་གནས་ཐུབ་པའི་ཞི་བདེའི་བང་ཆེན་ངོ་མ་དེ་ཡིན་པ་ལས་སྒོོ་མཚོན་བེད་སྤྱོད་རྒྱུད་ནས་ཕར་བསད་ཚུར་བསད་བྱས་ནས་ཞི་བདེ་མཉམ་གནས་ཟེར་བ་ཡོང་རྒྱུ་ནི་ཉིན་སྐར་ཙམ་ལས་མ་འདས་སོ།