གུང་ཐང་ཞིབ་འཇུག་གི་དེབ་ཅིག་དབུ་འབྱེད་གནང་།

གུང་ཐང་འབྲུག་བྷེ་ལགས་ཀྱིས་ཁྲི་ཆེན་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་འཇམ་པའི་དབྱངས་མཆོག་གི་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད་གུང་ཐང་ཞིབ་འཇུག་ཅེས་པའི་དཔེ་དེབ་ཅིག་ཕྱོགས་སྒྲིག་གནང་འདུག དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། གུང་ཐང་འབྲུག་བྷེ་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་གུང་ཐང་ཞིབ་འཇུག་ཅེས་པའི་དཔེ་དེབ་ཅིག་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དབུ་འབྱེད་གནང་སོང་བ་དང་། དབུ་འབྱེད་ཐོག་དམིགས་བསལ་སྐུ་མགྲོན་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་གཉིས་ཀྱི་དབུས་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། དེ་བཞིན་དགེ་རྒན་དང་ཉམས་ཞིབ་པ། སློབ་མ་སོགས་ཁྱོན་མི་གྲངས་ ༣༠ ལྷག་འཛོམས་འདུག

དཔེ་དེབ་ཀྱི་ནང་དོན་སྐོར་ལ་དཔེ་དེབ་ཕྱོགས་སྒྲིག་པ་འབྲུག་བྷེ་ལགས་ཀྱིས། གུང་ཐང་རིན་པོ་ཆེའི་སྐོར་ལ་བཙལ་ན་བཙལ་རྒྱུ་ཡོད་པ་དང་། བསྔོག་ན་བསྔོག་རྒྱུ་ཡོད་པ་ཞིག་ཡིན་ཡང་། ང་རང་ཉིད་ལ་མཚོན་ན་ཁོང་གི་སྐོར་གྱི་ཞིབ་འཇུག་འདི་ལྟ་གོན་ཙམ་ཞིག་ཡིན། དེ་རིང་སྐབས་སུ་བབས་པའི་བརྗོད་གཞི་དང་འབྲེལ་ནས་གུང་ཐང་རིན་པོ་ཆེ་དང་༧རྒྱལ་བ་རིན་པོ་ཆེ་རྣམ་གཉིས་བར་གྱི་ཡོངས་གྲགས་མིན་པའི་འབྲེལ་བ་ཁག་ཅིག་འདིར་ཞུས་ན་བསམ་སོང་། ཕྱི་ལོ་ ༡༩༥༥ ལོར་༧རྒྱལ་བ་རིན་པོ་ཆེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་པའི་སྐལ་བཟང་བྱུང་བ་རེད། དེ་ནི་ཕལ་ཆེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལོ་ངོ་ ༢༥༠ ཁྲོད་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནང་ནས་ཕེབས་པ་ཐོག་མ་དེ་རེད། དེ་དུས་གུང་ཐང་རིན་པོ་ཆེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་རབས་ ༨༧ པ་རེད། སྐབས་དེར་༧རྒྱལ་བ་རིན་པོ་ཆེ་བླ་བྲང་དུ་ཉིན་གྲངས་ ༥ རིང་མ་གཏོགས་བཞུགས་ཐུབ་ཡོད་པ་མ་རེད། དེ་དུས་༧རྒྱལ་བ་རིན་པོ་ཆེར་རྒྱ་ནག་ངོས་ནས་མཛད་རིམ་གྲངས་ལས་འདས་པ་ཡོད་རེད། བོད་པ་ལབ་དུས་འབུམ་ཕྲག་མང་པོར་མཇལ་ཁ་གནང་དགོས་པ་རེད། དེའི་སྐབས་ཀྱི་ཉིན་གྲངས་ ༥ དེ་ད་ལྟའི་དུས་སྐབས་ལས་བྲེལ་བ་ཆེ་བ་འདུག་བསམ་བྱུང་། བྲེལ་འཚུབ་ཆེ་བའི་དུས་སྐབས་དེ་འདྲ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་གུང་ཐང་རིན་པོ་ཆེ་འབྲོང་ཕ་ལ་ཆེན་པོར་སྐད་བཏང་ནས་གོས་བལ་ཁ་ཤས་ཤིག་དང་འོད་ལྡན་ཆུ་ཚོད་འཁོར་ལོ་ཞིག་གནང་སྟེ། ད་ལྟ་ཁྱེད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་པ་ལས་ཐོག་པ་རེད། ཁྲི་པ་ཚར་བ་དང་ཁྱེད་རང་ཡར་དབུས་གཙང་ལ་ཕེབས་ཤོག་དང་ངེད་གཉིས་བར་ལ་ལས་ཀ་མང་པོ་ཡོད་ཅེས་བཀའ་ཕེབས་འདུག ཅེས་བརྗོད་སོང་།ཡང་ཁོང་གིས། ཕྱི་ལོ་ ༡༩༥༨ ལོར་ཁོང་གི་ཕྱག་མཛོད་གུང་ཐང་ཚུལ་ཁྲིམས་དབུས་ཕྱོགས་སུ་འབྱོར་ཏེ། གུང་ཐང་ཚང་རྒྱ་གར་ལ་ཕེབས་པར་ལམ་ཁ་ཆ་ཚང་བཟོས་ཚར་བ་རེད། དེའི་སྐབས་སུ་མདོ་སྨད་ཀྱི་བླ་སྤྲུལ་མང་པོ་ཞིག་ཡར་བྲོས་འགྲོ་ཡི་ཡོད་པ་རེད། གུང་ཐང་རིན་པོ་ཆེར་ལམ་ཁ་ཆ་ཚང་ཡོད་པ་རེད་དེ། ཁོང་གི་ཐུགས་ལ་བོད་མི་མང་ལ་དཀའ་ངལ་ཡོད་ས་ཤིག་ན་ང་བྲོས་ནས་འགྲོ་ས་ཤིག་མེད། སྐྱིད་ན་བོད་མི་མང་མཉམ་དུ་རེད་སྡུག་ན་བོད་མི་མང་མཉམ་དུ་རེད་ཅེས་ཐུགས་ལ་དེ་ག་རང་བཟུང་ནས་བཞུགས་བསྡད་པ་རེད། ཅེས་དང་། ཕྱི་ལོ་ ༡༩༥༨ ནས་ལོ་ངོ་ ༢༡ རིང་བཙོན་ཁང་དུ་རྒྱ་ནག་གིས་ལུས་སེམས་གཉིས་ལ་ཚོད་འཛིན་གྱིས་མནར་གཅོད་བཏང་ཡོད་ནའང་། བཙོན་ཁང་དུ་ཁོང་གིས་རྒྱ་ཡིག་དང་དབྱིན་ཡིག་སོགས་སྦྱང་གནང་བ་མ་ཟད། ཁོང་མར་ལེ་རིང་ལུགས་ཀྱི་མཁས་དབང་ཞིག་ཏུ་གྱུར་ཏེ་མར་ལེ་རིང་ལུགས་ཀྱི་ཡིག་འབྲུ་ཁྲི་ཉེར་བདུན་མ་ཞིག་བཙོན་ཁང་དུ་བརྩམས་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་ལག་ཏུ་ཡོད་པ་ལས་ཕྱི་མིར་རག་གི་མེད་སྐོར་སོགས་བརྗོད་སོང་།

དེའི་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། གུང་ཐང་རིན་པོ་ཆེས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ཡི་སྐུ་དཀྱིལ་གསལ་བཞུགས་ཡོད་པ་བཀའ་དྲིན་ཆེ། ད་ལན་ཁྱེད་རྣམ་པས་གོང་ནས་ང་རང་རྩད་གཅོད་འབད་བརྩོན་གནང་བས་དེ་རིང་མཇལ་རྒྱུ་བྱུང་བ་རེད། ༡༩༥༤ ལོར་རྒྱལ་བ་རིན་པོ་ཆེ་མཇལ་བྱུང་། ༡༩༥༨ ལོར་ཕྲན་རང་ལ་ནག་སྐྱོན་བཙུགས་ཏེ་བཙོན་འཇུག་གིས་ལོ་ངོ་ ༢༡ རིང་བཙོན་ཁང་དུ་བསྡད་དགོས་བྱུང་། ལོ་ཡུན་རིང་པོར་རྒྱ་སྐད་ལས་བོད་སྐད་རྒྱག་མ་བཅུག་སྟབས། ད་ལྟ་བོད་སྐད་དེ་བདེ་པོ་རང་རྒྱག་ཐུབ་ཀྱི་མི་འདུག ང་རང་ཚོ་མི་རིགས་གཅིག་རེད། སྐད་དང་ཡི་གེ་གཅིག་རེད་ཅེས་དང་། ༡༩༥༧ ལོར་ང་ཚོའི་ལུང་པའི་ནང་ཟིང་འཁྲུག་ཆེན་པོ་བྱུང་བ་རེད། ང་རང་དེའི་རྒྱབ་གནོན་པ་དང་། ཏྰ་ལའི་བླ་མ་དང་ ༡༩༥༤ ལོར་ངན་གྲོས་བྱས་ཏེ། དེའི་རྗེས་འབྲང་པ་རེད་ཅེས་བཙོན་དུ་བཅུག་པ་རེད། ཡིན་ན་ཡང་སྲིད་བྱུས་ཡག་པོ་ཡོད་པ་དང་། མི་མང་གིས་རྒྱབ་གནོན་བྱས་ཏེ་ཉེས་རྡུང་དང་། འཐབ་འཛིང་། དགག་རྒྱག་བྱས་མ་བྱུང་། གཅིག་བྱས་ན་ང་བཙོན་ཁང་ནང་བསྡད་པ་དེས་ངའི་སྲོག་ལ་སྲུང་སྐྱོབ་བྱུང་འདུག མི་བཞི་ཤོག་ཁག་གིས་དབང་བཟུང་བ་དང་། རིག་གནས་གསར་བརྗེ་བྱེད་སྐབས་བཙོན་ཁང་དུ་མེད་པ་ཡིན་ན། ཉེན་ཁ་ཆེན་པོ་རེད། དེ་དུས་བཙོན་ཁང་དུ་ཡོད་སྟབས་སྲུང་དམག་དམར་པོས་བྱེད་ཐབས་མ་བྱུང་བ་རེད། ད་ཆ་ངོ་རྒོལ་བའི་རྒྱབ་གནོན་དང་། ཏྰ་ལའི་བླ་མའི་རྗེས་འབྲང་ངན་གྲོས་བྱས་པ་མིན་པའི་གནས་ཚུལ་གསལ་པོར་རྟོགས་ནས་བཙོན་ལས་ཐར་བ་རེད། དེ་ནི་ཧྰ་ཀྲུའུ་ཞིའི་དགོངས་པ་ལས་བྱུང་བ་ཡོད། ༧རྒྱལ་བ་རིན་པོ་ཆེ་ནས་སྐུ་ཚབ་ཆེད་བཏང་གནང་བ་དངོས་སུ་ང་ལ་མཇལ་འཕྲད་བྱུང་བ་དེ་མི་ལུས་གསར་པ་ཞིག་ཐོབ་པའི་དགའ་ཚོར་བྱུང་། གཟིགས་སྐོར་སྐུ་ཚབ་བཏང་བ་དེས་བོད་རིགས་ཡོངས་རྫོགས་ཀྱི་བདེ་སྡུག་དཀའ་ངལ་སེལ་བའི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་རེད། དེ་ནི་བཀའ་དྲིན་བསམ་བརྗོད་ལས་འདས་པ་ཞིག་རེད། ད་དུང་མུ་མཐུད་གཟིགས་སྐོར་ཕེབས་ཐུབ་པའི་རེ་བ་ཡོད། ངས་སྙིང་པོ་ཞུ་རྒྱུར། ༧སྐྱབས་མགོན་ཏྰ་ལའི་བླ་མ་ཡང་ཡང་མཇལ་རྒྱུ་ཡོད་པ་ཞིག་ཡོང་ཐབས་གནང་རོགས། རྒྱལ་ཁབ་ཀྱི་ཆབ་སྲིད་འོག་བོད་རིགས་རུག་རུག་ཡོང་བའི་ནུས་ཤུགས་གང་ཡོད་འདོན་གྱི་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་བརྟན་ཡོང་བའི་རེ་སྨོན་ཞུ་རྒྱུ་དེ་ཁོ་ན་ཡིན་ཞེས་གསུངས་ཏེ་སྤྱན་ཆབ་ཡང་བསིལ་བར་མཛད། ཅེས་གསུངས་འདུག་པ་དེ་གལ་ཆེན་པོ་མཐོང་སོང་། ཞེས་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། གུང་ཐང་འཇམ་པའི་དབྱངས་ལ་ཆ་མཚོན་ན་ཞིབ་འཇུག་བྱ་འོས་པ་ཞིག་དང་ཞིབ་འཇུག་བྱེད་རིན་ཡོད་པའི་མཁས་ཆེན་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ཁོང་གི་མི་ཚེའི་རྣམ་ཐར་ནང་གཟིགས་པ་ཡིན་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་སུ་འཇམ་མགོན་བླ་མའི་བསྟན་པ་ལ་སྨད་དུ་བྱུང་བའི་མཛད་རྗེས་ཡོད་པ་དང་། དམིགས་བསལ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཡིད་ཆེས་སྲུང་མ་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེ་བས། དེ་རིང་གི་གོ་སྐབས་འདི་བརྒྱུད་གུང་ཐང་ཞིབ་འཇུག་གི་དེབ་ཕྱོགས་སྒྲིག་གནང་མཁན་འབྲུག་བྷེ་དང་དེབ་ནང་གི་གསུང་རྩོམ་གནང་མཁན་ཚང་མ་ལ་རི་བོ་དགེ་ལུགས་པའི་ངོས་ནས་དང་དབུ་མ་གྲྭ་ཚང་། ང་རང་སྒེར་ངོས་བཅས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་། འདས་པའི་ཁོང་གི་རྣམ་ཐར་ལས་སྐུ་ཕྲེང་དང་པོ་ཁྲི་དགེ་འདུན་ཕུན་ཚོགས་ལགས་སྐུ་ན་གཞོན་ཤོས་ཀྱི་དགའ་ལྡན་ཁྲི་པ་ཆགས་ཏེ་མཚན་ལ་ཁྲི་སྐྲ་ནག་པ་ཞེས་བོད་མདོ་དབུས་ཁམས་གསུམ་ནང་མཁས་པའི་དབང་པོ་ཡོངས་སུ་གྲགས་བསྡད་པ་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་། མཇུག་ཏུ་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས། གུང་ཐང་རིན་པོ་ཆེ་དང་དམ་པ་གོང་མ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་ལུགས་ཞུ་སྟངས་དེ། ཁོང་རྣམ་པའི་བདམས་པའམ་བཀའ་སློབ་རྣམས་ཉམས་ལེན་བྱེད་རྒྱུ་དེ་ཆགས་ཡོད། གུང་ཐང་སྐུ་ཕྲེང་དྲུག་པའི་ཡང་སྲིད་རིན་པོ་ཆེ་ཕེབས་ཡོད་དུས། གུང་ཐང་སྐུ་ཕྲེང་རིམ་བྱོན་སྤྱི་དང་ལྷག་པར་དུ་སྐུ་ཕྲེང་དྲུག་པ་མཆོག་གི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་འཇམ་མགོན་བླ་མའི་བསྟན་པ་དང་། གཞན་ཡང་ཐུགས་ཀྱི་དགོངས་པ་ཟབ་མོ་གང་ཡོད་པ་ཚང་མ་ཇི་བཞིན་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་། ད་ལྟ་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་གནས་སྟངས་ག་འདྲ་ཡོད་མེད་ལ་མ་ལྟོས་པར་དུས་རབས་དང་མཐུན་པའི་གུང་ཐང་སྐུ་གོང་མའི་དགོངས་པ་ཁག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༠/༣༠

Leave a Reply