པཱ་ཀི་སི་ཐན་གྱི་མེ་འཁོར་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

པཱ་ཀི་སི་ཐན་གྱི་འགྲུལ་སྐྱེལ་མེ་འཁོར་ཞིག་གི་ནང་རླངས་ཐབ་འགད་འཐོར་བྱུང་སྟེ་ཉུང་མཐར་འགྲུལ་བ་ ༧༣ རྐྱེན་འདས་སུ་ཕྱིན་ཡོད་འདུགདེ་རིང་པཱ་ཀི་སི་ཐན་གྱི་དབུས་ཕྱོགས་རཱ་ཝལ་པིན་ཌི་(Rawalpindi)གྲོང་ཁྱེར་ནས་ཀཱ་ར་ཆི་ (Karachi)གྲོང་ཁྱེར་བར་སྐྱོད་མཁན་ཊཛ་གྷམ་(Tezgam Express)མེ་འཁོར་ལ་མེ་སྐྱོན་བྱུང་སྟེ། ཉུང་མཐར་མི་གྲངས་ ༧༣ རྐྱེན་འདས་དང་མི་ ༤༠ ལྷག་ལ་རྨས་སྐྱོན་བཟོས་ཏེ་སྨན་ཁང་དུ་ཡོད་པ་དང་། མེ་སྐྱོན་ཁྲོད་མི་ཁག་ཅིག་མེ་འཁོར་ལས་མཆོངས་ཏེ་རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། མི་མང་པོ་ཞིག་མེ་ཡིས་འཚིགས་ཏེ་ཁྲག་རྒྱུད་བརྟག་དཔྱད་མ་བྱས་ཚེ་ངོ་རྟགས་ཆོད་ཀྱི་མེད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། མེ་སྐྱོན་བྱུང་རྐྱེན་ནི་འགྲུལ་བ་ཞིག་གིས་རླངས་ཐབ་(Gas cylinder)བེད་སྤྱོད་བྱས་སྟེ་ཞོགས་ཟས་བཟོ་སྐབས་འགད་འཐོར་བྱུང་ཡོད་པ་དང་། ད་ལྟའི་ཆར་ཤི་རྨས་ཐེབས་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

པཱ་ཀི་སི་ཐན་གྱི་སྲིད་བློན་ཨམ་རན་ཁན་ལགས་ཀྱིས་ཊི་ཊར་སྟེང་། དོན་རྐྱེན་འདི་བྱུང་བར་བློ་ཕམ་ཆེན་པོ་བྱུང་། རྨས་མ་རྣམས་ལ་མགྱོགས་མྱུར་སྨན་བཅོས་བྱེད་དགོས། ཞེས་བརྗོད་འདུག་ལ། པཱ་ཀི་སི་ཐན་གྱི་མེ་འཁོར་བློན་ཆེན་ཤི་ཁན་ར་ཤི་ཌི་(Sheikh Rashid Ahmed)ལགས་ཀྱིས། ད་ལྟ་མེ་སྐྱོན་ཚོད་འཛིན་བྱེད་ཐུབ་ཡོད། ཅེས་བརྗོད་འདུག

ད་རེས་ནི་འདས་པའི་ལོ་ངོ་ ༡༠ ལྷག་རིང་པཱ་ཀི་སི་ཐན་ནང་བྱུང་བའི་མེ་འཁོར་དོན་རྐྱེན་ཚབས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ནམ་རྒྱུན་པཱ་ཀི་སི་ཐན་ནང་མེ་འཁོར་དོན་རྐྱེན་འབྱུང་གི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། མེ་འཁོར་ནང་འགྲུལ་བའི་གྲངས་ཚད་ཧ་ཅང་བརྒལ་སོང་བའི་རྐྱེན་གྱིས་ཡོང་གི་ཡོད་འདུག

ཕྱི་ལོ་ ༢༠༠༧ ལོར་པཱ་ཀི་སི་ཐན་གྱི་མེ་འཁོར་ཞིག་གྲོང་ཁྱེར་མེ་རབ་པོར་(Mehrabpur)རུ་བརྡབ་སྐྱོན་བྱུང་སྟེ་མི་ ༥༦ རྐྱེན་འདས་དང་མི་ ༡༢༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཡང་ཕྱི་ལོ་༢༠༠༥ ལོར་ཡུལ་དེའི་སིན་དྷི་(Sindh)མངའ་སྡེའི་ནང་མེ་འཁོར་གསུམ་གདོང་ཐུག་བྱུང་སྟེ། ཁྱོན་མི་གྲངས་ ༡༣༠ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་ནི་པཱ་ཀི་སི་ཐན་གྱི་ལོ་རྒྱུས་ནང་གི་མེ་འཁོར་དོན་རྐྱེན་ཚབས་ཆེ་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༠/༣༡

Leave a Reply

One thought on “པཱ་ཀི་སི་ཐན་གྱི་མེ་འཁོར་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས

    ཨ་ཁ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཐེག་ཆེན་གྱི་ཆོས་རྒྱུད་ཡོད་པའི་ནང་པ་ཞིག་ཡིན་པའི་ཆ་ནས་ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་་་་་་་་་་་་་་་་་་་་ཧྲི་་་་་་་་་་་་་་་་་་་་་་་་་་་ཧྲི་་་་་་་་་་་་་་་་་་་ཧྲི་་་་་་་་