ཁ་ཆེ་དྲག་སྤྱོད་པས་མགོ་འཁྲིད་གསར་པ་བསྐོས་ཏེ་ཨ་རིར་དགྲ་ཤ་ལེན་རྒྱུ་ཡིན་ཟེར།

ཁ་ཆེ་དྲག་སྤྱོད་ཚོགས་པས་ཚོགས་པ་དེར་མགོ་འཁྲིད་གསར་པ་བསྐོས་ཡོད་པས་ཨ་རིས་དྲག་སྤྱོད་གཏེ་བོ་ཨལ་བྷག་དྷ་ཌི་བསད་ནས་དགའ་སྤོབས་མ་བྱེད་ཅེས་བརྗོད་འདུགདེ་རིང་ཨལ་ཇ་ཛི་ར་གསར་ཁང་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཁ་སང་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་ཚོགས་པ་ (ISIS) ཞེས་པའི་ཁ་ཆེ་དྲག་སྤྱོད་ཚོགས་པས། ཨ་བྷུ་ཨི་བྷ་ར་ཧིམ་ཨལ་ཧཱ་ཤི་མི་ཨལ་ཁུ་ར་ཤི་ (Abu Ibrahim al-Hashimi al-Qurayshi) ཟེར་བ་ཞིག་ཚོགས་པ་དེའི་མགོ་འཁྲིད་ལ་གསར་དུ་བསྐོ་བཞག་བྱས་ཡོད་པ་དང་། མ་འོངས་ཨ་རིར་དགྲ་ཤ་ལེན་རྒྱུ་ཡིན་སྐོར་ཡོངས་བསྒྲགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་དམག་གིས་ཨ་བྷུ་བྷ་ཁར་ཨལ་བྷག་དྷ་ཌི་ (Abu Bakr al-Baghdadi)བསད་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཁ་སང་བར་དུ་དྲག་སྤྱོད་ཚོགས་པ་དེའི་ངོས་ནས་གནས་ཚུལ་དེ་དངོས་བདེན་ཡིན་མིན་གང་ཡང་བརྗོད་མེད་པ་རེད།

ཁ་སང་ཁ་ཆེ་དྲག་སྤྱོད་ཚོགས་པའི་མགྲིན་ཚབ་པ་གསར་པ་ཨ་བྷུ་ཧམ་ཛ་ཨལ་ཁུ་ར་ཤི་ (Abu Hamza al-Qurayshi) ཟེར་བ་ཞིག་གིས། ཚོགས་པ་དེའི་ཨལ་ཧྥུར་ཁན་ (al-Furqan) ཞེས་པའི་བརྒྱུད་ལམ་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ང་ཚོས་དམག་དཔོན་ཁྱེད་ལ་མྱ་ངན་ཞུ། མགོ་འཁྲིད་ཨ་བྷུ་བྷ་ཁར་ཨལ་བྷག་དྷ་ཌིས་དཔའ་བོའི་མཛད་རྗེས་བཞག་པ་ཤེས་རྟོགས་བྱུང་རྗེས། ཁ་ཆེ་ཚོགས་པའི་ལྷན་ཚོགས་བསྡུ་སྐོང་གིས་དཔའ་རྟུལ་རྒན་པ་རྣམས་ཀྱིས་མགོ་འཁྲིད་གསར་པ་བསྐོ་བའི་ཐག་གཅོད་བྱས་ཡོད། ཅེས་དང་། ཨ་རིས་དགའ་སྤོབས་མ་བྱེད། གསར་དུ་བསྐོ་འདེམས་བྱས་པའི་མགོ་འཁྲིད་འདིས་ཁྱོད་ཚོའི་སེམས་ནང་ཡོད་པའི་ཞེད་སྣང་རྣམས་ཁ་ལོ་བསྒྱུར་རྒྱུ་རེད་ལ། བྷག་དྷ་ཌིའི་དུས་སྐབས་ཀྱི་བྱས་རྗེས་རྣམས་སྐྱིད་སྣང་ཞིག་ཡིན་པ་ཚོར་དུ་འཇུག་ངེས་ཡིན། ཅེས་ཨ་རིར་དགྲ་ལན་སློག་རྒྱུའི་ཉེན་བརྡ་བཏང་ཡོད་འདུག་ལ། ཨ་རིའི་དམིགས་བསལ་དྲག་ཆས་དམག་གི་དཔུང་འཇུག་ཁྲོད་བྷག་དྷ་ཌིའི་ཉེ་མི་དང་ཚོགས་པ་དེའི་མགྲིན་ཚབ་པ་ཨ་བྷུ་ཨལ་ཧཱ་སན་ཨལ་མུ་ཧཱ་ཇིར་ (Abu al-Hussan al-Muhajir) ཡང་བསད་ཡོད་སྐོར་བརྗོད་ཡོད་འདུག

དུས་རྒྱུན་ལྟར་ཁ་ཆེ་དྲག་སྤྱོད་ཚོགས་པའི་མགོ་འཁྲིད་གསར་པ་དེའི་མིང་དངོས་དང་ལོ་རྒྱུས་སོགས་གང་ཡང་བཤད་མེད་པར་བརྟེན། དབྱིན་ཡུལ་གྱི་སི་ཝན་སི་གཙུག་ལག་སློབ་གྲྭའི་ (Swansea University) ཁ་ཆེ་དྲག་སྤྱོད་པའི་སྐོར་གྱི་ཉམས་ཞིབ་པ་ཨེ་མན་ཨལ་ཏ་མི་མི་ (Aymenn al-Tamimi) ཞེས་པ་ཞིག་གིས། གསར་དུ་བསྐོས་པའི་མགོ་འཁྲིད་ཀྱི་མིང་དེ་རྒྱུས་ཡོད་ཅིག་མིན་ཡང་། ཕལ་ཆེར་ཨ་རིས་ཚོད་དཔག་བྱས་པའི་ཁ་ཆེ་དྲག་སྤྱོད་ཚོགས་པའི་གནད་ཡོད་མི་སྣ་ཧཱ་ཇི་ཨབ་དྷུ་ལཱ་(Hajj Abdullah) ཟེར་བ་དེ་ཡིན་སྲིད་སྐོར་བརྗོད་འདུག་ལ། དབྱེ་ཞིབ་པ་གཞན་ཚོས་མགོ་འཁྲིད་གསར་པ་དེ་སོ་ཌི་ཨ་རབ་ནས་ཡིན་པའི་ཨ་བྷུ་ཨབ་དྷུ་ལཱ་ཨལ་ཇི་ཛི་ར་ཝི་(Abu Abdullah al-Jizrawi) ཡིན་སྲིད་པ་དང་། ཡང་ན་ཨི་རག་ནས་ཡིན་པའི་བྷག་དྷ་ཌིའི་ཉེ་མི་ཨབ་དྷུ་ལཱ་ཁ་ར་ཌེ་ཤི་ (Abdullah Qaradash) ཡིན་སྲིད་སྐོར་སོགས་ཚོད་དཔག་བྱེད་ཀྱི་འདུག དབྱེ་ཞིབ་པ་ཨེ་མན་གྱིས། ད་ལན་ཁ་ཆེ་དྲག་སྤྱོད་ཚོགས་པས་ཨ་རིས་མགོ་འཁྲིད་བྷག་དྷ་ཌི་དང་མགྲིན་ཚབ་པ་བསད་པ་ལ་བརྟེན་ནས་དྲག་སྤྱོད་ཚོགས་པ་དེ་རྩ་མེད་བཏང་བ་ཞིག་ལ་ངོས་འཛིན་བྱ་རྒྱུ་མེད་པའི་བརྡ་ལན་སྤྲད་ཡོད་སྐོར་བརྗོད་འདུག

ཉེ་ཆར་ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་བརྙན་ལམ་བརྒྱུད། ཟླ་དེའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་དམིགས་བསལ་དམག་གིས་གསང་བའི་ཐོག་ནས་སི་རི་ཡའི་ནུབ་བྱང་མཚམས་ཁུལ་གྱི་དུ་དཔུང་འཇུག་བྱས་ཏེ། ཨི་རག་དང་སི་རི་ཡའི་མཉམ་འབྲེལ་ཚོགས་པ་ (ISIS) ཞེས་པའི་ཁ་ཆེའི་དྲག་སྤྱོད་པའི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷག་དྷ་ཌི་དམར་གསོད་བཏང་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣༡ ཉིན་ཨ་རིས་ཁ་ཆེ་དྲག་སྤྱོད་པའི་མགོ་གཙོ་བྷག་དྷ་ཌིའི་ཐོག་གསང་བའི་དཔུང་འཇུག་བྱས་པའི་བརྙན་དང་གནས་ཚུལ་འགའ་ཤས་ཡོངས་གྲགས་བྱས་འདུག ཐོག་མར་བྷག་དྷ་ཌི་གབ་སའི་ཁང་པའི་ནང་འཛུལ་ཏེ་དཔུང་འཇུག་བྱེད་སྐབས། འབར་རྫས་འཁུར་བའི་བུད་མེད་བཞི་དང་སྐྱེས་པ་ཞིག་བསད་ཡོད་པ་དང་། དྲག་སྤྱོད་གཏེ་བོ་བྷག་དྷ་ཌིས་རང་གི་བུ་ཕྲུག་གསུམ་ཁྲིད་དེ་ཡུར་བུ་ཞིག་ནང་བྲོས་ཕྱིན་སྐབས་ཨ་རིའི་དམག་ཁྱིས་རྗེས་འདེད་བཏང་བར་བརྟེན མཐར་བྷག་དྷ་ཌིས་འབར་རྫས་འཐོར་བཅུག་སྟེ་ཕྲུ་གུ་དང་མཉམ་དུ་རང་སྲོག་བཅད་ཡོད་པ་དང་། མཐར་ཨ་རིའི་དམག་གིས་མེ་སྒྱོགས་འཕངས་ཏེ་བྷག་དྷ་ཌི་ཡི་ཁང་པ་རྩ་མེད་བཟོས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༠༡

Leave a Reply