ཞི་ཅིན་ཕིན་གྱིས་ཁེ་རི་ལེམ་ལ་བསྔགས་བརྗོད་བྱས་འདུག

ཞི་ཅིན་ཕིན་གྱིས་ཧོང་ཀོང་གི་འཚེ་བའི་བྱ་འགུལ་སྤེལ་མཁན་ཚོར་ཁྲིམས་སྒྲིག་གཞིར་བཟུང་ཉེས་ཆད་ཚ་ནན་བཏང་སྟེ་མི་མང་དཀྱུས་མའི་བདེ་སྡུག་སྲུང་སྐྱོབ་བྱ་དགོས་ཚུལ་བཤད།རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་པ་ལྕམ་ཁེ་རི་ལེམ་རྒྱ་ནག་ཧྲང་ཧེ་ (Shanghai) གྲོང་ཁྱེར་དུ་འཚོག་བཞིན་པའི་རྒྱལ་སྤྱིའི་ཚོང་ཟོག་ནང་འདྲེན་བཤམ་སྟོན་ཚོགས་འདུའི་ (China International Import Expo) ཐོག་བསླེབས་པ་དང་བསྟུན། ཁ་སང་གློ་བུར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱེད་སྐབས། ཞི་ཅིན་ཕིན་གྱིས་ད་ལྟའི་ཧོང་ཀོང་གི་གནས་སྟངས་ཐད་ནས་ཁེ་རི་ལེམ་གྱི་འཛིན་སྐྱོང་ལ་བསྔགས་བརྗོད་བྱས་ཡོད་པ་དང་སྦྲགས། ཧོང་ཀོང་ནང་ཟིང་འཁྲུག་ལངས་ཏེ་ཟླ་བ་ལྔ་ལྷག་འགོར་ཡོད་པ་དང་། ཁེ་རི་ལེམ་གྱིས་སྣེ་འཁྲིད་པའི་ཧོང་ཀོང་གཞུང་གིས་རང་འགན་འཁུར་པའི་ཐོག་ནས་གནས་སྟངས་ཞི་འཇགས་དང་སྤྱི་ཚོགས་ཀྱི་མཁའ་དབུགས་ཡར་རྒྱས་ཡོང་ཆེད་དཀའ་ལས་མང་པོ་བརྒྱབ་ཡོད་པ་དང་། རྒྱ་ནག་དབུས་གཞུང་གིས་ཁེ་རི་ལེམ་ལ་ཚད་མཐོན་པོས་ཡིད་ཆེས་བྱེད་ཀྱི་ཡོད་ལ། ད་ལྟའི་དུས་སྐབས་འདིར་ཧོང་ཀོང་ལ་མཚོན་ན། འཚེ་བའི་བྱ་འགུལ་རྣམས་མཚམས་འཇོག་གིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་བསྐྱར་གསོ་ཡོང་རྒྱུ་དེ་ཡིན་སྐོར་དང་། འཚེ་བའི་བྱ་འགུལ་སྤེལ་མཁན་ཚོར་ཁྲིམས་སྒྲིག་གཞིར་བཟུང་ཉེས་ཆད་ཚ་ནན་བཏང་སྟེ། ཧོང་ཀོང་ནང་གི་མི་མང་དཀྱུས་མའི་བདེ་སྡུག་སྲུང་སྐྱོབ་བྱ་དགོས་སྐོར་བཀའ་བཏང་ཡོད་འདུག

ད་ལྟ་ཧོང་ཀོང་ནང་འབྱུང་བཞིན་པའི་དམངས་གཙོའི་སྒེར་ལངས་དེ་བྱུང་ནས་ཟླ་བ་ ༥ མ་ཟིན་ཙམ་འགྲོ་ཡི་ཡོད་པ་དང་། ད་ལན་ཞི་ཅིན་ཕིན་དང་ཁེ་རི་ལེམ་གྱི་ཐུག་འཕྲད་དེ་ནི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་མགོ་བཙུགས་ནས་བཟུང་གཞུང་འབྲེལ་ཐུག་འཕྲད་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད། ཉེ་སྔོན་བདུན་ཕྲག་གཅིག་གི་གོང་ལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་བརྗེ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། དེ་ནི་ཆབ་སྲིད་དཀྲོག་གཏམ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། ཡིན་ན་ཡང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧོང་ཀོང་དང་ཨོ་མིན་གྱི་གཞི་རྩའི་ཁྲིམས་ཡིག་ཚོགས་ཆུང་གི་འགན་འཛིན་ཧྲན་ཁྲུན་ཡའོ་ (Shen Chunyao) ཟེར་བ་དེས། རྒྱ་ནག་དབུས་གཞུང་གིས་འབྱུང་འགྱུར་གནས་སྟངས་གང་ཅིའི་ཐད་སྟངས་འཛིན་ལེགས་པོ་བྱེད་ཐབས་སུ། ཧོང་ཀོང་གི་མགོ་འཁྲིད་བསྐོ་འདེམས་བྱེད་ཕྱོགས་དང་། དབུས་གཞུང་གིས་ཧོང་ཀོང་ས་ཁུལ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་སྒྲིག་གཞིར་བསྐྱར་བཅོས་བྱ་འཆར་ཡོད་སྐོར་བརྗོད་ཡོད་པ་རེད།

ཐེངས་འདིའི་ཐུག་འཕྲད་སྐབས་རྒྱ་ནག་དབུས་གཞུང་གིས་ཁེ་རི་ལེམ་གྱིས་སྣེ་འཁྲིད་པའི་ཧོང་ཀོང་གཞུང་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་བསྟན་པ་དེས། ཧོང་ཀོང་གཞུང་གིས་ལས་འགུལ་བའི་ཐོག་དྲག་པོའི་ཐབས་བྱུས་བཀོལ་སྤྱོད་ཀྱིས་དམངས་གཙོའི་ལས་འགུལ་འབུར་འཇོམས་གཏོང་རྒྱུའི་རྒྱབ་རྟེན་ལྟ་བུ་ཞིག་ཆགས་ཐོབ་ཡོད་པ་རེད། ཉེ་ལམ་ཧོང་ཀོང་གི་ཞི་བའི་ངོ་རྒོལ་དེ་ཛ་དྲག་པོར་གྱུར་ཏེ་ཉེན་རྟོག་པ་དང་ལས་འགུལ་བའི་བར་ལ་གདོང་ཐུག་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཉེན་རྟོག་ཕྱོགས་ནས་ས་གནས་དང་རྒྱལ་སྤྱིའི་གསར་འགོད་པའི་ཐོག་ལ་དྲག་པོའི་ཐབས་བྱུས་སྤྱོད་བཞིན་པར་བརྟེན། ཧོང་ཀོང་གི་གསར་འགོད་ལྷན་ཚོགས་གཙོས་པའི་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་རྣམས་ཀྱིས་ཧོང་ཀོང་ནང་གསར་འགོད་རང་དབང་ལ་དོ་ཕོག་ཐེབས་བཞིན་ཡོད་པའི་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ཉིན་ཤས་གོང་རྔམ་སྟོན་ཁྲོམ་སྐོར་སྐབས་མི་སྐོར་ཞིག་གིས་ལས་འགུལ་བ་ ༤ ལ་གྲིས་བརྒྱབ་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། དམངས་གཙོ་དོན་གཉེར་ཅན་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཞིག་གི་རྣ་བར་སོ་བཏབས་ཏེ་རྨས་ཡོད་པ་རེད།འདས་པའི་ཟླ་བ་ ༥ ལྷག་རིང་ཨེ་ཤ་ཡའི་ཚོང་གི་དཀྱིལ་སྙིང་ལྟ་བུར་གྱུར་བའི་ཧོང་ཀོང་གྲོང་ཁྱེར་དེ་བསྟུད་མར་མི་མང་གི་ལས་འགུལ་ནང་ལྷུང་ཡོད་པ་མ་ཟད། གནས་སྟངས་ཀྱང་ཛ་དྲག་པོར་གྱུར་བའི་རྐྱེན་གྱིས། ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་འབྲེལ་བྱ་འགུལ་ཡོད་ཚད་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་འདུག  ཧོང་ཀོང་གཞུང་ནས་ཀྱང་ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཆམ་པའི་སྤྱི་གཉེར་ཁང་དག་ལ་གུན་གསབ་ཀྱང་སྤྲད་དགོས་བྱུང་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ཧོང་ཀོང་སྲིད་གཞུང་གིས་དཔལ་འབྱོར་གནས་བབ་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། ཟླ་བ་ ༥ བསྟུད་མར་ཁྲོམ་ར་ཆེ་ཁག་ཚུད་པའི་ཚོང་དོན་བྱ་འགུལ་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་བའི་རྐྱེན་གྱིས། ད་ལྟའི་ཆར་ཧོང་ཀོང་གི་དཔལ་འབྱོར་དེ་བརྒྱ་ཆ་ ༣།༢ ལ་མར་ཆགས་ཡོད་པ་མ་ཟད། དཔལ་འབྱོར་དབྱེ་ཞིབ་པ་རྣམས་ཀྱི་ཚོད་དཔག་ལས་བརྒལ་ཏེ། ཧོང་ཀོང་དེ་སྔ་ཕྱི་མ་གཏོགས་དཔལ་འབྱོར་ཆེས་ཛ་དྲག་གི་གནས་སྟངས་ནང་ལྷུང་རྒྱུ་ཡིན་པའི་ཞེད་སྣང་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་མི་གྲངས་ ༡༢༠༠ ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་ལྕམ་ཁེ་རི་ལེམ་སྤྱི་ཁྱབ་པར་བསྐོ་བཞག་བྱས་ཡོད་པ་དང་། འདེམས་སྒྲུག་ཚོགས་ཆུང་དེའི་བརྒྱ་ཆ་ ༦ ལྷག་མི་མང་གི་འོས་འདེམས་བྱས་པ་ལས། གཞན་ཕལ་ཆེ་བ་རྒྱ་ནག་དབུས་གཞུང་གི་ཕྱོགས་གཏོགས་ཡིན་པ་དང་། འདི་ལོ་ནས་བརྩིས་པའི་ལོ་ ༢༨ ཀྱི་རྗེས་ཏེ། ཕྱི་ལོ་ ༢༠༤༧ ལོར་ཧོང་ཀོང་བ་རྣམས་ལ་ད་བར་རང་དབང་འགན་ལེན་བྱེད་པའི་གཞི་རྩའི་ཁྲིམས་ཡིག་དེའི་དུས་ཡུན་རྫོགས་ཀྱི་ཡོད་ཀྱང་། དེའི་རྗེས་གནས་སྟངས་གང་འདྲ་ཆགས་མིན་ད་དུང་ཡང་གསལ་ཁ་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༠༥

Leave a Reply

One thought on “ཞི་ཅིན་ཕིན་གྱིས་ཁེ་རི་ལེམ་ལ་བསྔགས་བརྗོད་བྱས་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    འཛམ་གླིང་འདིའི་སྟེང་གནས་པའི་རྒྱལ་ཁབ་མང་ཆེ་བ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བའི་དུས་རབས་ཉེར་གཅིག་འདིར་རྒྱ་ནག་ནས་དམངས་གཙོ་གཅིག་བསྔུད་གུང་ཁྲན་གྲལ་རིམ་འོག་ཧོང་ཀོང་མི་མང་གི་འཚོ་གནས་ལ་འགན་སྲུང་བྱེད་པ་ནི་དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་རྟོགས་རྒྱ་ནག་གི་ད་ལྟའི་ཧོང་ཀོང་ལ་དབང་བསྒྱུར་བྱེད་པའི་དུས་རབས་ལ་ཧོང་ཀོང་མི་མང་གི་མཆོད་སེམས་དང་འགན་འཁུར་ཐོག་ནས་འགྱུར་བ་འགྲོ་རྒྱུ་ཡིན་པ་ལོང་བས་བལྟས་ཀྱང་ཁ
    མས་གསུམ་གྱི་དཔེ་ལྟར་བློ་ལྡན་ཆབ་སྲིད་པ་ཚང་མས་ཤེས་ཐུབ་པ་ཞིག་མ་རེད་དམ།