རྒྱ་ནག་གིས་ཐའེ་ཝན་ལ་ཁྲིམས་སྒྲིག་གསར་སྣོན་བྱས།

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་བཟོ་ཚོང་ཁང་ཆེ་ཁག་ལ་ཁྲིམས་སྒྲིག་དོན་ཚན་ ༡༣ དང་མི་སྒེར་ལ་འབྲེལ་བ་ཡོད་པའི་ཁྲིམས་སྒྲིག་ ༡༣ གསར་སྣོན་བྱས་ཡོད་པ་དེ་ཆབ་སྲིད་ཀྱི་ལྐོག་ཇུས་ཤིག་ཡིན་པའི་དོགས་པ་བྱེད་ཀྱི་འདུགཐའེ་ཝན་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཁ་སང་ཕྱི་ཚེས་ ༤ ཉིན། རྒྱ་ནག་གཞུང་གིས་ཐའེ་ཝན་ཐོག་ཁྲིམས་སྒྲིག་དོན་ཚན་ ༢༦ ཙམ་ཁ་སྣོན་བྱས་པ་བསྒྲགས་ཏེ། རྒྱ་ནག་ནང་ཐའེ་ཝན་མི་མང་དང་བཟོ་ཚོང་ཁང་ལ་འཚོ་ཐབས་སྟབས་བདེ་རུ་བཏང་ཡོད་སྐོར་བརྗོད་ཡོད་ནའང་། ཐའེ་ཝན་གཞུང་གིས་ཁྲིམས་སྒྲིག་དེ་དག་ནི་རྒྱ་ནག་གིས་ཐའེ་ཝན་གྱི་ཐོན་ཁོངས་བེད་སྤྱོད་དང་། ཐའེ་ཝན་མི་མང་ཁྲོད་རྒྱ་ནག་ལ་དགའ་ཞེན་དར་ཁྱབ་ཡོང་ཐབས་བྱས་ཏེ། མཐར་ཐའེ་ཝན་ཀྱི་རྒྱ་ནག་ལ་ཁ་ཕྱོགས་པའི་ཆབ་སྲིད་ཚོགས་པ་ཁག་ལ་འོས་ཐོབ་ཏུ་འཇུག་ཐབས་ཀྱི་སྲིད་བྱུས་འཛིན་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གི་དྲ་ཐོག་ཏུ་ཐའེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གཞུང་བརྗེ་ལེན། མཉམ་འབྲེལ་བཅས་ཀྱི་ཐད་སྔར་ལྷག་དར་འཕེལ་དང་སྐམ་སའི་མི་མང་དང་འདྲ་མཉམ་གྱི་ལྟ་སྐྱོང་ཡོང་ཐབས་སུ། ཐའེ་ཝན་གྱི་བཟོ་ཚོང་ཁང་ཁག་གིས་འདྲ་མཉམ་གྱིས་རྒྱ་ནག་གི་འཕྲུལ་རིགས་བཟོ་ཚོང་ཁང་ཆེ་ཁག་སྟེ། ཤུགས་ཚད་ ༥ པའི་དྲ་ལམ་དང་སྙིགས་སེལ་ལས་གཞི། མཁའ་གྲུ་དང་གླིང་ག་འཛུགས་བསྐྲུན། དེ་བཞིན་དཔལ་འབྱོར་གྱི་སྒྲིག་འཛུགས་གསར་གྲས་ནང་མཉམ་ཞུགས་ཆོག་པ་དང་། རྒྱ་ནག་ནས་རོགས་དངུལ་ལེན་པ་དང་ཕྱིར་འདྲེན་དང་ནང་འདྲེན་ལ་འགན་ལེན་དང་མཐུན་རྐྱེན་སྤྲོད་པ་སོགས་ཁྲིམས་སྒྲིག་གྲངས་ ༡༣ དང་། མི་སྒེར་དང་འབྲེལ་བའི་དོན་ཚན་ ༡༣ ནང་ཞིང་ལས་ཐོན་སྐྱེད་དང་འགྲིམ་འགྲུལ། ཁང་ཁྱིམ་ཉོ་བ་དང་སློབ་ཞུགས་བྱེད་པ་སོགས་སྔར་ལས་སྟབས་བདེ་རུ་བཏང་ཡོད་སྐོར་བསྒྲགས་ཡོད་པ་རེད།

གནས་ཚུལ་དེའི་ཐད་ཐའེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ཁང་གིས། རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གྱུར་གྱི་དྲིལ་བསྒྲགས་སྤེལ་ཐབས་བྱེད་ཀྱི་ཡོད་ལ། ཐའེ་ཝན་མི་མང་བསླུ་བྲིད་དང་ཐའེ་ཝན་ནང་ཁུལ་ཁ་བྲལ། ཕྱི་ལོ་ ༢༠༢༠ ལོའི་ཟླ་དང་པོའི་ནང་གི་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་པ་སྟོན་གྱི་ཡོད་སྐོར་དང་། རྒྱ་ནག་ལ་འགྲོ་མཁན་ཚོས་ཉེན་ཁར་གཟབ་དགོས་པ་དང་གཞུང་འཛིན་ལམ་ལུགས་ལ་ཁྱད་པར་ཡོད་པ་ཤེས་དགོས་ལ། ཐེངས་འདིའི་སྲིད་བྱུས་དེ་ནི་ཆབ་སྲིད་ལ་དམིགས་པ་ཞིག་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་རོགས་དངུལ་དང་འཛུགས་བསྐྲུན་ལས་གཞིས་བསླུ་བྲིད་བྱས་ཏེ། ཕྱི་ལོ་ ༢༠༡༦ ནས་འདས་པའི་ལོ་ངོ་གསུམ་ཙམ་རིང་ཐའེ་ཝན་དང་དེའི་ཕྱི་འབྲེལ་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ ༧ གྱིས་རིམ་པ་བཞིན་ཐའེ་ཝན་ལ་ཕྱི་འབྲེལ་བཅད་དེ་རྒྱ་ནག་ལ་ཁ་ཕྱོགས་བསྒྱུར་ཏེ། ད་ལྟ་རྒྱལ་སྤྱིའི་ཐོག་ཐའེ་ཝན་གླིང་ཕྲན་དང་ཕྱི་འབྲེལ་ཡོད་མཁན་རྒྱལ་ཁབ་ ༡༥ ལས་ལྷག་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༥

Leave a Reply

One thought on “རྒྱ་ནག་གིས་ཐའེ་ཝན་ལ་ཁྲིམས་སྒྲིག་གསར་སྣོན་བྱས།