བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ པའི་སྐུའི་གྱ་སྟོན་སྲུང་གཙི་ཞུས།

དེ་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གཉིས་ཀྱིས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། བཞུགས་སྒར་དྷ་རམ་ས་ལ་དང་ཨ་རིའི་ནེའུ་ཡོག ཝར་ཎ་དབུས་གཙུག་ལག་སློབ་གཉེར་ཁང་། ཁ་ན་ཌའི་ཊོ་རིན་ཊོ་སོགས་སུ་མི་མང་འདུ་འཛོམས་ཀྱིས་སྐུའི་གྱ་སྟོན་སྲུང་གཙི་ཞུས་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༥ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གོང་འོག་གཉིས་མཉམ་འབྲེལ་ཐོག གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ནང་སྐུའི་འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཚོགས་སོང་།མཛད་སྒོའི་ཐོག་རིན་པོ་ཆེ་མཆོག་གི་སྐུ་པར་ལ་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ནས་མཇལ་དར་སྒྲོལ་འབུལ་དང་། སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་སྒྲོགས་སྦྱངས། དེ་བཞིན་སློབ་ཕྲུག་ཁག་ཅིག་ནས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་སྙན་རྩོམ་གྱེར་འདོན་སོགས་གནང་སོང་བ་དང་། གཞན་ཡང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག ལྷ་ཞི་བའི་ཚལ་གྱི་ཚོགས་ཁང་དུ་སེར་སྐྱ་ཕོ་མོ་འདུ་འཛོམས་ཀྱིས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཕྱོགས་བསྡུས་ཀྱི་བརྙན་ཐུང་གཟིགས་འབུལ་དང་མངར་ཟས་བགོ་འགྲེམས། སྒོར་གཞས་འཁྲབ་པ་སོགས་བྱས་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་།ཟླ་འདིའི་ཕྱི་ཚེས་  ༣ ཉིན་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པའི་ནང་། མི་མང་དང་བླངས་བའི་གོ་སྒྲིག་འོག་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་འབྲུང་རིན་པོ་ཆེ་མཆོག་དང་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག དེ་བཞིན་བཀའ་ཟུར་དང་བོད་མི་མང་སྤྱི་འཐུས་ལས་ཟུར་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཁག་ཅིག་དང་གནས་ཆུང་སྒྲ་དབྱངས་གླིང་དང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་། ཀིརྟི་བྱེས་པ་གྲྭ་ཚང་བཅས་ཀྱི་སྐུ་ཚབ་དང་། བཞུགས་སྒར་ཁུལ་གྱི་་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་འཛོམས་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་གྱི་གསུང་བཤད་ཅེས་པའི་དཔེ་དེབ་ཅིག་ཀྱང་དབུ་འབྱེད་གནང་ཡོད་པ་རེད།
མཛད་སྒོའི་ཐོག་འཁྲུངས་སྐར་གོ་སྒྲིག་ཚན་ཆུང་གི་རྒྱ་མཚོ་ལགས་ཀྱིས། གཙོ་བོ་དེ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུས་ཏེ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཏང་གནང་ཡོད་པར་བརྟེན། ང་ཚོས་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་སྐུའི་འཁྲུངས་སྐར་དང་བཀའ་དྲིན་རྗེས་དྲན་ཞེས་པའི་མཛད་སྒོ་འདི་ཚོགས་པ་རེད། ཅེས་དང་། བོད་ཀྱི་མ་འོངས་མདུན་ལམ་ལ་རྩེ་གཅིག་ཏུ་སྒོམ་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་དང་བོད་མིར་མཚན་རྟགས་སུ་བསྩལ་བའི་ཡང་དག་པའི་དམངས་གཙོའི་ལམ་ལུགས་འཕྲིན་ཡིག་གི་ལམ་ནས་གཏན་ལ་ཕབ་སྟེ། དམངས་གཙོའི་ཀ་བ་གསུམ་གྱི་ཉིན་རེའི་ལས་དོན་རྣམས་དང་ཕྱག་ལས་ཇི་གནང་དགོས་པའི་དམར་ཁྲིད་ལོ་ཟླ་འབྲེལ་ནས་བསྩལ་ཏེ། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཡབ་ཆེན་གཙོ་གནད་དུ་གྱུར་བ་དང་། བོད་ཀྱི་སྐད་ཡིག་དང་དེའི་བརྗོད་དོན་སངས་རྒྱས་པའི་ལྟ་སྤྱོད་རྨང་གཞིར་བྱས་པའི་བོད་པའི་ལེགས་སྦྱང་བོད་མི་རིགས་ཀྱི་མཚོན་རྟགས་ཡིན་པ་ཙམ་མ་ཟད། འགྲོ་བ་མི་སྤྱིའི་འཕྲལ་ཕུགས་ཀྱི་མངོན་འདོད་སྒྲུབ་ནུས་ཀྱི་རིན་ཐང་བླ་ན་མེད་པའི་རིག་གཞུང་ཞིག་ཏུ་ཐུགས་ངེས་རྙེད་པ་ལྟར་གཙུག་ཆེན་མཛད་ཡོད་པ་སོགས་བརྗོད་སོང་།

འཁྲུངས་སྐར་སྲུང་གཙི་དང་འབྲེལ་བའི་ཐོག་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་པའི་སྤྱི་ཚོགས་ནང་བཀའ་དྲིན་རྗེས་དྲན་གནང་དགོས་པ་དེ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་མ་གཏོགས་གཞན་སུ་གང་ཡང་མེད་། ༧གོང་ས་མཆོག་གི་འཕྲིན་ལས་ཀྱི་ཞབས་འདེགས་ཞུ་རྒྱུར་བོད་པ་དང་བོད་པ་མིན་པ་བཅས་རྒྱལ་སྤྱིའི་ཁྱོན་ནང་མི་མང་དག་ཅིག་ཡོད་པ་རེད། ༧གོང་ས་མཆོག་གི་འཕྲིན་ལས་ཀྱི་ཞོར་འདེགས་ཞུ་མཁན་ཚོའི་ངོས་ནས་ལས་དོན་གང་ཞིག་ལེགས་འགྲུབ་བྱུང་བ་དེ་ནི་༸གོང་ས་མཆོག་གི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་འབའ་ཞིག་ཡིན། ང་དང་ང་འདྲ་བའི་མི་མང་དག་ཅིག་ཡོད་པ་ཚོས་༸གོང་ས་མཆོག་གི་མཚན་ལག་ཆར་སྤྱད་ནས་བྱ་བ་བརྩམས་སྐབས་བྱ་བ་དེར་ནུས་པ་ཐོན་པ་ཞིག་བྱུང་ཡོད་པ་དང་། གལ་ཏེ་༸གོང་ས་མཆོག་གི་མཚན་དང་ནུས་པ་དེ་ང་ཚོའི་རྒྱབ་ཏུ་མེད་ཚེ་བོད་མིའི་ཆབ་དཔལ་རིག་གསུམ་གྱི་གནས་བབ་གཞན་འགྲན་མ་མཆིས་པ་འདི་ལྟར་ཡོང་ཐུབ་ཐབས་མེད། ཅེས་གསུངས།ཡང་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཇེ་མང་དང་ཁོ་ཚོར་བྱམས་སྙིང་རྗེ་སྒོམ་དགོས་སྐོར་ལ་རིན་པོ་ཆེ་མཆོག་གིས། ང་ཚོ་ངོ་ཚ་དགོས་པ་ཞིག་ལ་འདས་པའི་ལ་ཁ་ཤས་ནང་༧གོང་ས་མཆོག་ལ་དངོས་སུ་མཚན་སྨད་ཞུ་མཁན་དང་། དངོས་སུ་མཚན་སྨད་མ་ཞུས་ནའང་མཐའ་སྐོར་རི་སྐོར་གྱི་ཐོག་ནས་ཟུར་ཟ་དང་མཚན་སྨད་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་འགྲོ་བསྡད་ཀྱི་འདུག ཁོ་ཚོར་ང་ཚོས་ཁ་གཏད་གཅོག་ནས་འཚེ་བའི་ལན་འཚེ་བས་རྒྱག་རྒྱུ་ཡོད་པ་མ་རེད། ཡིན་ནའང་། བྱམས་དང་སྙིང་རྗེ་ཀུན་ནས་བླངས་ཏེ། དེ་ཚོའི་རིགས་དེ་ཇེ་མང་དུ་མི་འགྲོ་བའི་ཐབས་ཤིག་སྒོ་གང་ས་ནས་བྱས་མ་ཐུབ་པ་ཡིན་ན། གཞིས་བཞུགས་བོད་པའི་སྤྱི་ཚོགས་ནང་བལྟས་པ་ཡིན་ན་རང་དབང་ཡོད་པ་མ་རེད་དེ། ༧གོང་ས་མཆོག་ལ་དད་པ་དམ་ཚིག་ལོག་ནོར་གྱི་མི་མངོན་གསལ་མཐོང་རྒྱུ་ཡོད་པ་མ་རེད། བཙན་དབང་བྱེད་མཁན་ཡོད་པའི་ཡིན་ནའང་། ཆབ་སྲིད་ཀྱི་གནོན་ཤུགས་འོག་གཞུང་དང་ཤོག་ཁག་གི་སྡིངས་ཆའི་ཐོག་མ་གཏོགས། རང་རང་སོ་སོའི་དང་བླངས་ཐོག་ནས་དེ་འདྲ་ཞུ་མཁན་མེད། བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མིའི་ནང་དེ་འདྲའི་རིགས་མང་དུ་འགྲོ་ཡི་ཡོད་དུས། ང་ཚོ་བློ་འཚབ་ཡོང་ས་དེ་འདྲའི་དབང་གིས་བོད་མི་སྤྱིའི་བསོད་ནམས་ཉམས་རྒྱུ་དང་བོད་པའི་རླུང་རྟ་ཆགས་འགྲོ་ཡི་ཡོད། དེར་བརྟེན། དེ་འདྲ་བའི་གནས་ཚུལ་འབྱུང་བའི་སྐབས་སུ། བྱེད་པ་པོ་ལ་བྱམས་དང་སྙིང་རྗེའི་བསམ་བློ་མ་དོར་བའི་ཐོག་ནས་བྱ་བའི་ལས་ལ་ཞི་འཇམ་གྱིས་ཁ་གཏད་དང་གསལ་བཤད་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས།

ཁྲི་ཟུར་མཆོག་གི་འཁྲུངས་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་འཚམས་འཕྲིན་ཞིག་ཕུལ་བའི་ནང་། རིན་པོ་ཆེ་མཆོག་ནི་སྐུ་ཚེ་ཧྲིལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་གི་བཀའ་སློབ་དགོངས་དོན་བཞིན་བཙན་བྱོལ་དུ་ཕེབས་མ་ཐག་ནས་བོད་ཀྱི་ཆོས་རིག་དང་འཛིན་སྐྱོང་། ཤེས་ཡོན་བཅས་ཀྱི་ཐོག་ལ་ངལ་བ་འཛེམས་མེད་ཀྱིས་ཕྱག་ལས་གནང་སྟེ་མཛད་རྗེས་ཅན་གྱི་མི་སྣ་ཞིག་ཡིན་པ་དང་། དེ་བཞིན། ༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཀྱིས་ཆབ་སྲིད་ཀྱི་ལས་གནས་སུ་ཐུགས་འགན་བཞེས་ཏེ་ཕྱག་ལས་གནང་ཡོད་པ་མ་ཟད། བཀའ་ཁྲིའི་ལས་གནས་བཞག་རྗེས་སུའང་མགོན་པོ་༸གང་ཉིད་མཆོག་ལ་དད་དམ་གཡོ་བ་མེད་པར་མུ་མཐུད་༸གང་ཉིད་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་བཞུགས་ནས་ལྷག་བསམ་ཆེན་པོས་ཞབས་འདེགས་ཞུ་བཞིན་ཡོད་པའི་རླབས་ཆེན་གྱི་མཛད་པར་མངོན་བསྟོད་གནང་གི་ཡོད། ཅེས་གསུངས་འདུགགཞན་ཡང་། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་དགོང་མོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་བྷི་ལོ་ཟི་ནོ་(BELLOZINO)ཚོགས་ཁང་དུ། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་རྣམ་གཉིས་ཀྱི་དབུས་དང་བླངས་སེར་སྐྱ་མི་མང་གི་གོ་སྒྲིག་འོག ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ པའི་འཁྲུངས་སྐར་དགའ་སྟོན་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཚོགས་ཏེ། ཆེད་དུ་ཕྱོགས་སྒྲིག་ཞུས་པའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སྐུ་འཁྲུངས་པ་ནས་ད་བར་གྱི་རྣམ་ཐར་མདོར་བསྡུས་མཚོན་པའི་གློག་བརྙན་དང་།  སྐུ་པར་སྣ་ཚོགས་ཀྱི་ཐོག་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་པར་བལྟ་བ་ཞེས་པའི་བརྙན་ཐུང་གཟིགས་འབུལ་དང་། སྙན་ངག་གྱེར་འདོན་དང་གཞས་སྣ་འཁྲབ་སྟོན་སོགས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༠༥

Leave a Reply

2 thoughts on “བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ པའི་སྐུའི་གྱ་སྟོན་སྲུང་གཙི་ཞུས།

  1. རྒྱལ་བའི་བཀའ་བཞིན་སྒྲུབ་མཁན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་སྙིང་ནས་
    བཀྲིས་བདེ་ལེགས་ཞུ། གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་ལྟར་སྐུ་ཚེ་བརྟན་རོགས་གནང།