ལྷ་དར་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས།

 བོད་ཁམས་ཤག་རོང་པོ་རྟར་ཆེན་ཡུལ་ཚོ་ནས་ཡིན་པའི་བོད་མི་ལྷ་དར་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཉིན་གྲངས་མང་པོ་འགྲོ་བཞིན་ཡོད་ཀྱང་གང་དུ་ཡོད་མེད་ཙམ་གྱི་གནས་ཚུལ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༨ ཙམ་ལ་བོད་ནག་ཆུ་ས་ཁུལ་ཤག་རོང་པོ་རྟར་ཆེན་ཡུལ་ཚོ་ས་ལྷི་གྲོང་ཚོ་ནས་ཡིན་པའི་བོད་མི་ལྷ་དར་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག་ལ། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ད་ལྟའི་ཆར་ལྷ་དར་ལགས་གར་ཡོད་དང་བདེ་འཚམས་ཡིན་མིན་གྱི་གནས་ཚུལ་ཤེས་རྟོགས་མེད་པ་རེད། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཡོང་བར་དཀའ་ངལ་ཆེན་པོ་ཡོང་གི་འདུག གང་ཡིན་ཟེར་ན། ས་གནས་ཀྱི་དྲ་ལམ་བཀག་སྡོམ་དང་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་སྟབས། ཁོང་འཛིན་བཟུང་བྱས་ནས་ཉིན་གྲངས་མང་པོ་འགྲོ་ཡི་ཡོད་ནའང་ཞིབ་ཕྲའི་གནས་ཚུལ་ཁྱོན་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་ཕྱོགས་ནས་ལྷ་དར་ལགས་འཛིན་བཟུང་བྱེད་དོན་ཅི་ཡིན་སོགས་གང་ཡང་འགྲེལ་བཤད་བྱས་མེད་ཀྱང་། ཁོང་ལ་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་འཛུགས་བྱས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག་ལ། གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་ཉེ་བའི་སྐབས་ཏེ་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༠ ཙམ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཤག་རོང་པོའི་ཕྱོགས་སུ་དམ་དྲག་དོགས་གཟོན་ཤུགས་ཆེ་རུ་བཏང་ཡོད་པ་དང་། སྐབས་དེར་ལྷ་དར་ལགས་སུ་སྲིད་གཞུང་གི་མི་སྣས་ཁ་པར་ཡོང་ནས་ཡར་མར་གང་དུའང་འགྲོ་མི་ཆོག་པའི་བཀག་རྒྱ་བཏང་ཡོད་འདུག

ད་ལྟ་རང་ལོ་ ༣༦ ཡིན་པའི་ལྷ་དར་ལགས་ནི་རྒྱུན་དུ་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་སློབ་གསོ་དང་བོད་མིའི་འགྲོ་སྐྱོད་ཐོག་ལ་སུན་གཙེར་བཟོ་བཞིན་པ་སོགས་ལ་མཐའ་གཅིག་ཏུ་འདོད་མོས་མེད་པའི་རྣམ་འགྱུར་སྟོན་མཁན་ཞིག་དང་། དད་པ་ཟབ་ཅིང་ཡིད་ཆེས་བརྟན་པའི་བོད་མི་ལ་རྒྱ་ཅན་ཞིག་ཡིན་འདུག  ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་གིས་བཙན་གྱིས་ཤག་རོང་པོ་དགོན་པར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་བཅུག་ནས་སྒོ་རྒྱག་སྐབས། ཁོང་ཚུད་པའི་ཡུལ་མི་ཚོས་སྲིད་གཞུང་གི་མི་སྣར་རེ་སྐུལ་ཞུ་སྐབས་ཏོག་ཙམ་ཁ་རྩོད་ཤོར་ནས་ཉུང་མཐར་མི་གྲངས་ ༤༠ འཛིན་བཟུང་དང་བཀག་ཉར། རྡུང་རྡེག་བྱས་ཏེ་ཟླ་གཅིག་ལྷག་རིང་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་མུ་མཐུད་དམིགས་བཀར་ལྟ་རྟོག་འོག་བཞག་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༦

Leave a Reply