ཟླ་གཅིག་རིང་བོད་ཀྱི་ཁོར་ཡུག་ལས་འགུལ་ཆེན་མོ་སྤེལ་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ནས་མ་འོངས་ཟླ་གཅིག་རིང་བོད་ཀྱི་ཁོར་ཡུག་ལས་འགུལ་ཆེན་མོ་སྤེལ་རྒྱུ་དང་ཁོར་ཡུག་དང་འབྲེལ་ནས་འབོད་སྐུལ་དོན་ཚན་ལྔ་ཅན་ཞིག་ཡོངས་བསྒྲགས་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢ ནས་ ༡༣ བར་ཡུ་རོབ་ཀྱི་རྒྱལ་ཁབ་སི་པན་དུ་འཚོག་གཏན་འཁེལ་བའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་དང་། ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ཀྱིས། བོད་འདི་སའི་གོ་ལའི་སྣེ་གསུམ་པ་ཡིན་ཞེས་པའི་ཁོར་ཡུག་ལས་འགུལ་ཆེན་མོ་སྐབས་གཉིས་པ་དེ་མགོ་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་བ་མ་ཟད། ཁོར་ཡུག་ལས་འགུལ་ཆེན་མོ་དེའི་འབོད་སྐུལ་དོན་ཚན་ལྔ་ཡོངས་བསྒྲགས་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་སྟབས་ལེགས་པ་ཞིག་ལ་བསྟན་པ་རྒྱལ་མཚན་ལགས་གཞུང་འབྲེལ་རང་གི་ཐོག་ནས་ཚོགས་ཆེན་ལ་བཅར་རྒྱུའི་བཀའ་འཁྲོལ་ཐོབ་ཡོད་པར་བརྟེན། ཚོགས་ཆེན་ཐོག་བོད་དང་བོད་ཀྱི་ཁོར་ཡུག་གལ་འགངས་ཆེ་ཚུལ་སྐོར་ནས་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་པ་དང་། དེའི་མཉམ་དུ་མཁས་དབང་ལྔ་ཙམ་གདན་ཞུས་ཀྱིས་ཚོགས་ཆེན་སྐབས་ཟུར་ཚོགས་ཚོགས་ཏེ་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཅེས་དང་། བོད་དེ་འཛམ་གླིང་གི་ལྷོ་བྱང་གི་སྣེ་གཉིས་རྗེས་ཀྱི་འཁྱག་པ་ཕོན་ཆེ་ཤོས་ཡོད་པའི་ས་ཁུལ་གསུམ་པ་དེ་ཡིན་པ་དང་། ལྷག་པར་དུ་ལྷོ་བྱང་གི་སྣེ་དང་མི་འདྲ་བར་བོད་ཀྱི་འཁྱག་པ་རྣམས་བཞུར་རྗེས་རྒྱུག་ཆུར་གྱུར་ཏེ་འཐུང་ཆུ་དང་ས་ཞིང་འདེབས་ལས་སོགས་ལ་ཕན་གྱི་ཡོད་པ་རེད། དེར་བརྟེན་བོད་ཀྱི་ཆུས་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་ ༡ དང་ས་ཡ་ ༤༠༠ ལ་ཕན་ཐོགས་ཀྱི་ཡོད་པ་རེད། དཔེར་ན་ང་རང་གིས་ ༢༠༡༢ ལོར་གྷོ་ཧ་ཊིའི་ནང་བོད་དོན་སྐོར་བཤད་རྒྱུ་ཡིན་ཟེར་དུས་གསར་འགོད་པ་གཉིས་མ་གཏོགས་མི་འདུག་ཀྱང་། ཕྱི་ལོ་ ༢༠༡༥ ལོའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེར་སྐྱོད་སྐབས། རྒྱ་གར་གྱི་གསར་ཁང་དང་བརྙན་འཕྲིན་ཁང་ ༡༥ ལས་མང་བ་དེར་བ་སླེབས་ཏེ། ཁོང་ཚོས་ཉེ་བའི་ཆ་ནས་ཡར་ཀླུངས་གཙང་པོ་(Brahmaputra River) དེ་ཉུང་དུ་འགྲོ་བཞིན་པ་དང་། ཨ་སམ་གྱི་མི་ས་ཡ་མང་པོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྐོར་སོགས་དྲིས་ཏེ་དོ་སྣང་ཤུགས་ཆེན་པོ་ཞེ་དྲག་བྱེད་ཀྱི་འདུག ཅེས་གསུངས་སོང་།ཡང་ཁོང་གིས། རྒྱ་གར་གྱི་སེང་གེ་གཙང་པོའི་(Indus River)་བརྒྱ་ཆ་ ༤༠ བོད་ཀྱི་གངས་རི་ནས་འབྱུང་གི་ཡོད་ལ། དེ་རྒྱ་གར་ལ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་ཞེས་པའི་མིང་དེ་ཡང་ཨིན་ཌ་སི་ཞེས་པ་དེ་ལས་བྱུང་བ་ཞིག་རེད། ཡིན་ན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་ལ་བོད་ཅེས་པ་ཤར་གྱི་མེད་ལ། ལོ་ ༡༥ དང་ ༢༠ སྔོན་གྱི་སྙན་ཐོའི་ནང་ལ་བོད་ཅེས་པ་རྩ་བ་ཉིད་ནས་འཁོད་ཀྱི་མེད། ཉེ་ཆར་ཞིག་ལ་ཧི་མ་ལ་ཡ་ཞེས་པ་དང་ཧིན་རྡུ་ཀུ་ཤི་རི་བརྒྱུད་ (Hindu Kush Range) ཅེས་འགོད་ཀྱི་ཡོད་པ་རེད། དེའི་ནང་ལ་མཚམས་རེར་བོད་ཅེས་པ་རེ་གཉིས་འཁོད་ཡོང་གི་ཡོད་པ་རེད། ད་ལན་ང་ཚོས་བོད་དེ་གནམ་གཤིས་འགྱུར་ལྡོག་ཐད་གལ་ཆེན་ཡིན་པ་ཞུ་ཡི་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་མཁས་པས་གནམ་གཤིས་འགྱུར་ལྡོག་ཐད་ཉམས་ཞིབ་བྱེད་སྐབས་བོད་ཅེས་པ་དེ་ཡིན་གཅིག་མིན་གཅིག་འཁོད་དགོས་ཀྱི་ཡོད། བོད་དེ་གནད་འགག་ཆེན་པོ་ཇི་ལྟར་ཡིན་མིན། འཁྱག་པ་དང་རྒྱུག་ཆུ་ཇི་ཙམ་ཡོད་མེད་སོགས་བོད་ཅེས་པའི་མིང་དེ་འཁོད་དགོས་པར་རྗོད་ཀྱི་ཡོད། ད་བར་རྒྱ་ནག་གི་གནོན་ཤུགས་འོག་ནས་བོད་ཅེས་པ་དེ་འགོད་ཀྱི་མེད་པ་རེད། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་ཀྱང་བྷར་མ་པུ་ཏྲ་དང་ཨིན་ཌ་སི། མེ་ཀོང་སོགས་གལ་ཆེ་ཡིན་པ་བཤད་ཀྱི་ཡོད་ཀྱང་། དེ་དག་གི་ཁུངས་བོད་ཡིན་པ་བཤད་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེའི་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་བོད་ཀྱི་ཁོར་ཡུག་ལས་འགུལ་ཆེན་མོའི་སྐོར་ནས་འགྲེལ་བརྗོད་གནང་བ་ལྟར་ན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དེ་རིང་ནས་བཟུང་ཟླ་བ་གཅིག་རིང་བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་ཁོར་ཡུག་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག་པ་དང་། ལས་འགུལ་དེའི་ཁོངས་སུ་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་གནས་འབྲེལ་མཐུད་ཁང་བཅས་མཉམ་འབྲེལ་ཐོག བོད་ཆེད་ཁོར་ཡུག་རྒྱང་རྒྱུག་ཅེས་པའི་མི་མང་རང་བཞིན་གྱི་རྒྱང་རྒྱུག་ལས་འགུལ་ཞིག་བོད་མིའི་སྒྲིག་འཛུགས་གངས་ཅན་སྐྱིད་གཤོངས་ནས་བྷག་སུ་ (Bhagsu) དང་། དེ་ནས་ཕྱིར་མེག་གྷན་གསུམ་མདོའི་བར་རྒྱུག་གཏན་འཁེལ་ཡོད་འདུག གཞན་ཡང་ཁོར་ཡུག་ལས་འགུལ་ཆེན་མོ་འདིའི་ཆ་ཤས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་འཚོག་ཡུལ་དུ་མཁས་པའི་ཟུར་ཚོགས་དང་། དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་བོད་ཀྱི་འགྲེམ་སྟོན་ཁང་དུ་བོད་ཀྱི་ཁོར་ཡུག་སྐོར་ལ་འགྲེམ་སྟོན་གྱི་ལས་རིམ་ཞིག་ཀྱང་སྤེལ་འཆར་ཡོད་འདུགབོད་ཀྱི་ཁོར་ཡུག་ལས་འགུལ་ཆེན་མོའི་ལས་འགུལ་དང་འབྲེལ་བའི་འབོད་སྐུལ་དོན་ཚན་ལྔ་ཅན་ཞིག་ཡོངས་བསྒྲགས་གནང་བའི་ནང་། དང་པོ། བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས་པ་དང་། གཉིས་པ། བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱིན་ཡོད་མེད་ལ་ཉམས་ཞིབ་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་པ། བོད་ཁུལ་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་དང་གླིང་ག་སོགས་གསར་འཛུགས་ཆེད་སྲིད་བྱུས་གང་ཞིག་གཏན་འབེབ་བྱེད་སྐབས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་ཞུ་དགོས་པ། བཞི་པ། གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་སྤྲོ་འཆམ་ལ་སྟངས་འཛིན་ནན་པོ་བྱེད་དགོས་པ། མཐའ་མཇུག་དེར། བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁོར་ཡུག་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་གལ་ཆེ་བ་བཅས་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༠༦

Leave a Reply

2 thoughts on “ཟླ་གཅིག་རིང་བོད་ཀྱི་ཁོར་ཡུག་ལས་འགུལ་ཆེན་མོ་སྤེལ་རྒྱུ་ཡིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    ཧཧ་བགད་མོ་ཤོར་སོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆའི་ནང་བོད་འཁོད་མེད་ན་བོད་འཁོད་དགོས་པའི་འགན་དེ་སུ་ལ་ཡོད་རེད་གསུང་དང་བོད་ལུང་པ་རྒྱ་མིའི་འོག་ཏུ་ཚུད་ནས་
    བོད་ཀྱི་འཁོར་ཡུག་སྐོར་གླེང་པ་དེ་རང་གི་རང་ལྐུག་པ་བཟོས་པ་མ་རེད་དམ་ང་ཚོ་བོད་ཀྱི་འཁོར་ཡུག་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ན་དང་པོ་བོད་རང་བཙན་རྩོད་དགོས་པ་དང་བོད་རང་བཙན་ཐོབ་ནས་སོ་སོའི་ལུང་པའི་འཁོར་ཡུག་སྲུང་སྐྱོབས་བྱ་དགོས་པ་ནི་དེ་སྔ་བོད་ས་མ་ཤོར་གོང་བོད་ཀྱི་འཁོར་ཡུག་སྲུང་སྐྱོབས་ཆེད་རི་ལུང་རྩ་ཚིག་ཡོད་པ་དེ་ཚོ་ལ་ང་ཚོའི་འགན་འཁུར་ནས་ལས་འཆར་སྤེལ་དགོས་པ་ལས་མི་ཡུལ་དུ་ས་ཆ་སྦར་མོ་གང་མེད་པར་ད་དུང་འཁོར་ཡུག་སྲུང་སྐྱོབས་ཟེར་བའི་གཏམ་དེ་ལ་ནུས་པ་ག་ཚོད་ཡོད་མེད་ངས་ཤེས་མ་སོང།