གཞིས་ཀ་རྩེ་ནས་བོད་མི་ཞིག་འཛིན་བཟུང་བྱས།

བོད་གཞིས་ཀ་རྩེ་ནས་ཡིན་པའི་བོད་མི་དབང་ཕྱུག་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ ༨ ཙམ་འགྲོ་བཞིན་ཡོད་ཀྱང་ད་ལྟའང་ཁོང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག ཁ་སང་ཕྱི་ཚེས་ ༧ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཡས་མས་ཤིག་ལ་རྒྱ་གཞུང་ཉེན་རྟོག་པས་བོད་གཞིས་རྩེ་ཁུལ་ནས་དབང་ཕྱུག་ཅེས་པ་ཞིག་འཛིན་བཟུང་བྱས་རྗེས། ད་ལྟའང་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མེད་འདུག

དབང་ཕྱུག་ལགས་ལྷ་སར་ཚོང་ལས་ཆེད་ཕྱིན་ཏེ་ཕྱིར་ཡོང་སྐབས་གཞིས་རྩེ་གྲོང་ཁྱེར་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་། འདས་པའི་ཟླ་ ༨ ཙམ་རིང་རྒྱ་ནག་གཞུང་ནས་ཁོང་གི་ནང་མི་ཚོར་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་དང་ག་རེ་བྱས་ནས་འཛིན་བཟུང་བྱས་པ་ཡིན་སོགས་བརྡ་ལན་གང་ཡང་སྤྲད་མེད་སྟབས། ནང་མི་ཚོས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་དང་། དབང་ཕྱུག་ལགས་ད་ལྟ་གཞིས་རྩེའི་ཉ་རི་བཙོན་ཁང་དུ་བཅུག་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དབང་ཕྱུག་གིས་༧གོང་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་བཅས་དཔེ་དེབ་ཁ་ཤས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་འཕྲིན་ཕྲན་སྟེང་བརྒྱུད་སྤེལ་གནང་བའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཁོང་བཙོན་འཇུག་བྱས་ཡོད་པ་དང་། དཔེ་དེབ་དེ་དག་གི་འབྲེལ་ཐག་བོད་ཕྱི་ཕྱོགས་ཀྱི་ཁོང་གི་གྲོགས་པོ་ཁག་ཅིག་གི་ས་ནས་བརྒྱུད་སྤེལ་བྱས་ཡོད་སྐོར་བརྗོད་འདུག

དབང་ཕྱུག་ལགས་འཛིན་བཟུང་བྱས་རྗེས། ཁོང་གི་ནང་མི་ཚོར་ཡང་ཁྲིམས་འགལ་གྱིས་དམ་དྲག་དང་ཉེས་ཆད་བཀལ་ཡོད་འདུག  ཁོང་གི་ནང་མི་ཚོར་སྲིད་གཞུང་གི་རོགས་སྐྱོར་རྣམ་གྲངས་དང་རྒན་གསོ་འགན་བཅོལ་བཅས་ཚུད་པའི་བདེ་དོན་རོགས་སྐྱོར་རིགས་མེད་པར་བཟོས་ཡོད་པར་མ་ཟད། གྲོང་སྡེ་སྲིད་གཞུང་གི་ཆོག་མཆན་མེད་པར་ཁོང་གི་ནང་མི་ཚོ་རྫོང་ཁག་གཞན་ནང་འགྲུལ་སྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་། ས་གནས་སྲིད་གཞུང་གི་དོགས་ཟོན་མྱུལ་ཞིབ་ཀྱི་རྐྱེན་གྱིས་ཁོང་གི་ནང་མི་ཚོ་ཁ་འཐོར་ཡ་བྲལ་དུའང་བཏང་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཐད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གཞུང་གིས་དབང་ཕྱུག་ལགས་གང་བྱུང་བཀག་ཉར་བྱས་པ་དང་། ཁོང་གི་ནང་མི་ཚོར་སུན་གཙེར་གཏོང་བཞིན་པ་དེ་ཐད་ཀར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེར་གཏོང་བཞིན་པར་འབྲེལ་ལ་དམ་ཟབ་ཡོད་པར་ངོས་འཛིན་དང་བློ་འཚབ་བྱེད་ཀྱི་ཡོད་སྐོར་དང་། རྒྱ་གཞུང་གིས་ཁོང་གང་བྱུང་བཙོན་འཇུག་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་གི་ནང་མི་ཚོ་ལའང་སུན་གཙེར་སྡུག་སྦྱོང་གཏོང་བཞིན་པ་མྱུར་ཏུ་མཚམས་བཞག་སྟེ། ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཁག་དང་བདེ་དོན་རོགས་སྐྱོར་དག་མྱུར་ཏུ་བསྐྱར་གསོ་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད་སྐོར་དང་། དེ་བཞིན་དབང་ཕྱུག་གང་བྱུང་བཙོན་འཇུག་བྱས་པ་དེ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་བརྡལ་བཤིག་བཏང་བ་ཞིག་ཡིན་པས། ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཁོང་མྱུང་ཏུ་ཀློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད་སྐོར་སོགས་བཀོད་འདུག

དབང་ཕྱུག་ལགས་ནི་ཕ་ཡུལ་གཉའ་ལམ་རྫོང་ཟུར་མཚོ་ཤིང་དཀར་ཆུང་གྲོང་ཚོ་ནས་ཡིན་ལ། ད་ལྟ་རང་ལོ་ ༤༥ ཡིན་འདུག ཁོང་གི་ཕ་མིང་ལ་རྡོ་རྗེ་དང་མ་མིང་ལ་ཚེ་དབང་ཞུ་ཡི་ཡོད་པ་དང་། ཁོང་ལ་གཞན་ཕུ་ནུ་གཉིས་ཡོད་པ་དང་།  ཁོང་བུ་སྤུན་གསུམ་གྱིས་བུ་མོ་གཅིག་ལ་གཉེན་སྒྲིག་བྱས་ཏེ་བྱིས་པ་ ༥ ཡོད་པ་ལས། ཁྱིམ་ཚང་གི་ཡོངས་འབབ་གཙོ་བོ་དབང་ཕྱུག་ལགས་ཀྱིས་ལྷ་ས་དང་མཐའ་མཚམས་འགྲམ་དུ་ཚོང་ཟོག་ཙག་ཙིག་ཚོང་འདྲེན་བྱས་ཏེ་ཡོང་གི་ཡོད་སྟབས། ད་ལྟ་ཁོང་གི་ཁྱིམ་ཚང་གི་འཚོ་བ་སྤྱི་དང་ལྷག་པར་དུ་བྱིས་པ་ཚོའི་སློབ་ཡོན་ཐད་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། དགུང་ལོ་བགྲེས་པའི་ཨ་མ་ཚེ་དབང་ལགས་ལ་ཁྲག་ཤེད་དང་སྙིང་ཁམས་མ་བདེ་བའི་ན་ཚ་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༨

Leave a Reply

One thought on “གཞིས་ཀ་རྩེ་ནས་བོད་མི་ཞིག་འཛིན་བཟུང་བྱས།