ཨོ་སི་ཊི་ལི་ཡར་བོད་སྐད་དང་བོད་ཡིག་འཚོལ་བ། 

དགེ་བཤེས་བློ་བཟང་དཔལ་ལྡན།

ཉིས་སྟོང་བཅུ་དགུའི་ཟླ་བརྒྱད་པར་ང་རང་རྒྱ་གར་དུ་སོང་ནས་ཟླ་གཅིག་ཙམ་ནས་ཕྱིར་ཨོ་གླིང་དུ་འབྱོར། ཉིན་ཤས་རྗེས་སུ་གཞུང་གི་སོ་སྨན་ཁང་ཞིག་ནས་ཡི་གེ་ཞིག་སླེབས། ཁ་ཕྱེ་ནས་བལྟས་པ་ན། བོད་ཡིག་དང་དབྱིན་ཡིག་ཤན་སྦྱར་གྱིས་བྲིས་པ་ཞིག་ལ་ཟླ་བཅུ་བའི་ཚེས་ཉེར་དགུའི་ཞོགས་པ་ཆུ་ཚོད་བཅུ་དང་སྐར་མ་བཅུའི་ཐོག་སོའི་སྨན་ཁང་ལ་ཡོང་རོགས། གལ་ཏེ་ཡོང་མ་ཐུབ་ན་ང་ཚོར་ཁ་པར་གཏོང་རོགས་ཞུ་ཞེས་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་དང་།  ཁྱེད་ལ་དབྱིན་སྐད་ཐོག་ཁ་པར་རོགས་རམ་དགོས་ན། སྐད་སྒྱུར་ཞབས་ཞུ་ཁང་གི་ཨང་གྲངས་་ ༡༣༡༤༥༠ ཐོག་ཁ་པར་ཐོངས་ཞེས་བྲིས་འདུག དེ་མཐོང་མ་ཐག་སྔ་ཕྱིའི་བྱུང་བ་ཁག་ཅིག་ཡིད་ལ་ཤར་བས་གཤམ་གྱི་སྐད་ཆ་འདི་དག་བཤད་འདོད་བྱུང་།

ང་རང་སྔོན་ཨོ་གླིང་ལ་སླེབས་པའི་ཕྱི་ཉིན་ཏེ་སྤྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༡༨ ཉིན་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་མཆོག་གིས་ཁྲིད་དེ། གཞུང་གི་ལས་ཁུངས་(Centrelink)སན་ཊིར་ལིན་ཁི་ལ་སོང་བར་དབྱིན་བོད་ཤན་སྦྱར་བྱས་པའི་ཡིག་ཆ་ཞིག་སྤྲད་ཅིང་། ཚོགས་གཙོས་ང་ཚོར་དབྱིན་སྐད་ཀྱི་སྐད་བསྒྱུར་བྱེད་ཆོག་མོད། ལས་ཁུངས་རང་གིས་ཁ་པར་བརྒྱུད་ནས་སྐད་བསྒྱུར་གོ་སྒྲིག་བྱས་འདུག ལས་བྱེད་པ་དང་ང་ཚོའི་བར་དུ་དཀའ་ངལ་ཅི་ཡང་མེད་པར་བཀའ་མོལ་ཅི་འདོད་བྱེད་ཆོག་པ་འདུག སྐབས་དེར་ངས་བསམ་པར་རྒྱ་གར་གྱི་ལས་ཁུངས་སྤྱི་དང་། ལྷག་པར་ཨར་སི་ (RC) དང་འབྲེལ་བའི་ལས་ཁུངས་དེ་ཚོས་སྐད་སྒྱུར་གྱི་གོ་སྒྲིག་འདི་འདྲ་མི་བྱེད་དོན་ཅི་ཡིན་ནམ་སྙམ། ཨོ་གླིང་འདིར་བོད་མི་ཉིས་སྟོང་ནས་སུམ་སྟོང་ཙམ་མ་གཏོགས་མེད་པ་དང་། དེ་ཡང་ཁ་བཀྲམ་ནས་བསྡད་ཡོད་པས་སྲིད་གཞུང་ནས་དེ་ཙམ་དོ་སྣང་མེད་ནའང་རྒྱུན་ལྡན་ཡིན། འོན་ཀྱང་རྒྱ་གར་དུ་བོད་རིགས་འབུམ་ལྷག་ཡོད་པར་མ་ཟད་མང་ཆེ་བ་མཉམ་འདུས་ཀྱི་ས་གནས་བྱེ་བྲག་པ་རེ་ན་བསྡད་ཡོད་པས་སྲིད་གཞུང་ནས་སྟབས་བདེ་པའི་གྲ་སྒྲིག་འདི་རིགས་མང་ཙམ་དགོས་ངེས་རེད་བསམ་པ་བྱུང་། ཐབས་ལམ་འདི་འདྲ་ང་ཚོས་མ་དྲན་པའམ་ཡང་ན་རྒྱ་གར་ལ་དེ་འདྲའི་ལམ་ཁ་མེད་པ་ཡིན་ཆ་མ་འཚལ།

གཞན་ཡང་འདི་ལོར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཟེར་བ་ཞིག་དྲ་ཐོག་ནས་མཐོང་ཞིང་། མཐོང་མ་ཐག་རང་རེའི་སྒྲིག་འཛུགས་ནས་བྱ་བཞག་རླབས་ཆེན་ཞིག་སྒྲུབ་ཀྱི་འདུག་སྙམ་པ་བྱུང་ལ། གཞོན་སྐྱེས་ནི་ང་ཚོའི་སོན་རྩ་དང་མ་འོངས་པའི་རེ་བ་བཅོལ་ས་ཉག་གཅིག་ཡིན་པས་དེ་ཚོས་བོད་མི་རིགས་ཀྱི་མ་འོངས་པར་བསམ་གཞིག་རྣལ་མ་ཞིག་བྱ་རྒྱུ་ནི་གནད་འགག་ཅིག་ཅི་ལ་མིན་ཏེ། ཁོང་ཚོའི་སྙིང་སྟོབས་དང་རྣམ་དཔྱོད་རྒྱ་ཆེ་རུ་བསྐྱེད་རྒྱུ་ནི་ང་ཚོའི་འོས་འགན་དང་རེ་བ་ཉག་གཅིག་དེ་རེད། འོན་ཀྱང་ཁོང་ཚོས་བཤད་པའི་སྐད་ཆར་ཉན་པས་རིམ་བཞིན་དུ་ཐང་ཆད་པ་དང་བློ་ཕམ་པའི་ཚོར་སྣང་རིམ་བསྟུད་དུ་བྱུང་། གང་ཡིན་ཞེ་ན། དེར་སླེབས་པའི་གཞོན་སྐྱེས་མང་ཆེ་བ་བོད་རང་གི་འདས་པའི་ལོ་རྒྱུས་ལ་རྒྱུས་མངའ་ཞན་པ་དང་། མ་འོངས་པའི་འཆར་སྣང་ཞན་པ། བོད་རང་གི་སྐད་ཡིག་གི་གནས་ཚུལ་ཧ་ཅང་ཞན་པ་བཅས་ཀྱིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ལ་བཟུང་བའི་སྤྲོ་སྣང་རྦད་དེ་ཡལ་སོང་།

ཨོ་གླིང་འདིར་བོད་ཡིག་སློབ་སའི་གཟའ་མཇུག་སློབ་གྲྭ་ཁ་ཤས་ཡོད་པའི་ཁྲོད་ (New Castle) ཉིག་ཁ་སུལ་འདིར་བོད་རིགས་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་འབྲི་རྒྱུ་དང་ལྷག་པར་བོད་སྐད་བྱང་ཆ་ལྡན་པ་བཤད་པར་དཀའ་ངལ་གང་ཡང་མི་འདུག  དེ་ནི་ཕ་མ་དང་དགེ་རྒན་རྣམས་ཀྱིས་ལོ་མང་རིང་དཀའ་སྤྱད་འབད་རྩོལ་བྱས་པ་དང་། འབྲེལ་ཡོད་བོད་རིགས་ཚང་མས་འགན་བླངས་ནས་རོགས་སྐྱོར་དང་བོད་མི་འདུ་འཛོམས་སྐབས་གང་ཡིན་ལ། ནང་ཁུལ་བོད་སྐད་བཤད་པ་ལས་དབྱིན་སྐད་བཤད་མི་ཆོག་པར་སྟངས་འཛིན་བྱེད་བཞིན་ཡོད་པས་ཕན་ཐོགས་ཆེན་པོ་བྱུང་འདུག སློབ་ཕྲུག་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་དང་ཞབས་བྲོ། སྒྲ་སྙན་རྡུང་ལེན་བཅས་ལ་བྱང་ཆ་ལྡན་པ་དང་། ལོ་རེ་བཞིན་ས་གནས་ཀྱི་ River lights multicultural festival  གཙང་བོའི་གློག་ཞུའམ་གཙང་ངོགས་ཀྱི་སྒྲོན་མེའི་རིག་གཞུང་སྣ་འདུས་ཀྱི་དུས་སྟོན་ཐོག་བོད་རིགས་མཐུན་ཚོགས་ཀྱི་མིང་ཐོག་ནས་གཞས་སྣ་གཟིགས་འབུལ་དང་རིག་གཞུང་འགྲེམ་སྟོན་ངོ་སྤྲོད་བཅས་བྱེད་བཞིན་ཡོད།

ངས་འདི་ལྟར་བཤད་དོན་ནི། ཚང་མས་འགན་བླངས་ན་དེ་ལ་འབྲས་བུ་ཞིག་ཐོན་ངེས་ཡིན་པ་གསལ་སྟོན་བྱ་འདོད་པ་ལས། གནས་འདིར་ཡོད་པའི་བོད་རིགས་ཚང་མ་ཕུལ་དུ་བྱུང་བ་ཤ་སྟག་ཡིན་ཟེར་འདོད་པ་མིན།

ད་དུང་གནས་འདིའི་སྐྱབས་བཅོལ་བོད་མིའི་ཁྲོད་ཕུལ་དུ་བྱུང་བའི་གཞོན་སྐྱེས་འཚར་ལོངས་བྱུང་བཞིན་པའི་ཁྲོད་ནས། རང་ལོ་བཅུ་བཞི་ཅན་གཞོན་སྐྱེས་རྐང་སྤོལ་རྩེད་འགྲན་པ་ཞི་བ་འདུད་ལ་ཉིས་སྟོང་བཅོ་བརྒྱད་ལོར་གཟའ་མཇུག་སློབ་གྲྭས་སྤྱོད་ཡོན་གཉིས་ལྡན་གྱི་གཟེང་རྟགས་དང་ཉིས་སྟོང་བཅུ་དགུ་ལོར་སློབ་སྦྱོང་ཡག་ཤོས་ཀྱི་གཟེང་རྟགས་ཐོབ། མངའ་སྡེའི་ནང་རྐང་སྤོལ་རྩེད་འགྲན་མང་པོ་བརྒྱུད་ཉིས་སྟོང་བཅུ་དགུ་ལོར་ཉི་ཧོང་རྒྱལ་སར་རྒྱལ་སྤྱིའི་རང་བཞིན་གྱི་ན་གཞོན་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་བྱེད་ཐུབ་ཡོད། དེ་ནི་རྒྱལ་སྤྱི་རིམ་པའི་རྐང་སྤོལ་རྩེད་འགྲན་ཁྲོད་ཞུགས་མཁན་བོད་རིགས་ན་གཞོན་ཐོག་མ་དེ་ཆགས་ཡོད། ལོ་འདིར་རྐང་སྤོལ་རྩེད་མཁན་ཡག་ཤོས་དང་དྲང་བདེན་གྱི་རྩེད་མོ་བའི་རྟགས་མ་ཡང་ཐོབ་ཡོད། མདོར་ན་གཞན་ཡུལ་དུ་ཡོད་ཀྱང་བོད་རང་གི་སྐད་ཡིག་ལ་དུང་བ་ཡོད་ན་རྒྱུན་ལྡན་གྱི་སློབ་གྲྭའི་སློབ་སྦྱོང་ལ་འཐུས་ཤོར་མེད་པའི་ཐོག་བོད་ཡིག་བོད་སྐད་བེད་སྤྱོད་བྱེད་ཐུབ་ཀྱིན་ཡོད་པའི་མཚོན་དཔེ་རེ་གཉིས་བཤད་ན། ལོ་དགུ་ལ་སོན་པའི་གཞོན་སྐྱེས་བསྟན་འཛིན་འབྱུང་གནས་ཉིས་སྟོང་བཅོ་ལྔ་དང་བཅུ་དྲུག་བཅུ་བདུན་བཅས་ལ་བོད་ཡིག་སྡེ་ཚན་ནས་ཨང་དང་པོ་དང་། ཉིས་སྟོང་བཅུ་བདུན་ལོར་ (New Castle Hunter region) གྱི་སློབ་གྲྭ་མང་པོ་མཉམ་འཛོམས་ཐོག་གཏམ་བཤད་སྐབས་སུ་སློབ་གྲྭ་ཁག་གི་འགྲན་ཞུགས་པ་བདུན་ཅི་དོན་གྲངས་ནང་ནས་ཨང་དང་པོ་ཐོབ། ཉིས་སྟོང་བཅུ་དགུ་ལོར་གོང་གསལ་གྱི་སློབ་གྲྭའི་ནང་བོད་དོན་དང་འབྲེལ་བའི་གཏམ་བཤད་སྐབས་གཟེང་རྟགས་ཨང་དང་པོ་དང་། ལོ་དེར་ (New Castle Hunter region) སློབ་གྲྭ་བཅུ་ཕྲག་ཁ་ཤས་ཀྱི་ལོ་མཉམ་སློབ་མའི་ནང་དག་ཆ་ནོར་བཅོས་འགྲན་བསྡུར་སྐབས་ཨང་གསུམ་པ་ཐོབ།  ཉིས་སྟོང་བཅོ་བརྒྱད་དང་བཅུ་དགུ་གཉིས་ལ་ཁོ་རང་གི་སློབ་གྲྭའི་ནང་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་གསུམ་ག་ཐོབ་ཡོད། རྫོང་ཡོངས་ཀྱི་རྣམ་དཔྱོད་ལྡན་པའི་སློབ་མ་རྩེ་གྲས་དམིགས་བསལ་རྒྱུགས་སྤྲོད་ཀྱང་ཚད་ལོངས་ནས་དམིགས་བསལ་འཛིན་གྲྭའི་ནང་ཚུད་པ་དང་། བོད་པའི་གཉེན་སྟོན་གྱིས་མཚོན་བོད་མི་འདུ་འཛོམས་སྐབས་ ༸ གོང་ས་མཆོག་གི་བཀའ་སློབ་སྒྲོག་སྦྱངས་དང་སྟོན་བཤད་དམ་ཆང་བཤད་ཀྱིས་ཀུན་གྱི་ཡིད་དབང་འཕྲོག་པ་བྱུང་ཡོད། འདི་ནི་རང་ལོ་དགུ་ཙམ་ལ་སོན་པའི་བྱིས་པ་ཞིག་ཁོ་རང་གི་ཕ་མ་དང་དགེ་རྒན་གྱི་སྐུལ་འདེད་འོག་ཇི་ལྟར་བོད་ཡིག་ལ་དགའ་ཞིང་། བོད་སྐད་ལ་དུང་བ་ཞིག་ཏུ་ནར་སོན་བཞིན་པའི་དཔེ་མཚོན་ཡིན་ལ།  འདི་དང་འདྲ་བའི་དཔེ་མཚོན་གཞན་ཡང་མང་དུ་འབྱུང་ཆོག་པ་ཞིག་ཅི་ལ་མིན་ཏེ། ཕྱི་གླིང་ནས་སྤྱི་སྒེར་ཚང་མས་བོད་ཡིག་བོད་སྐད་སྤྱོད་པའི་ཁོར་ཡུག་ཆེ་ཆུང་སྣ་ཚོགས་བསྐྲུན་རྒྱུ་གལ་གནད་ཧ་ཅང་ཆེན་པོ་ཡིན་པ་སྔ་ཕྱིའི་གནས་ཚུལ་འདི་དག་གིས་མཚོན་ཐུབ།

ཨོ་གླིང་འདི་ན་ཆོས་དང་རིག་གཞུང་མི་གཅིག་པའི་མི་རིགས་ཚང་མའི་སྐད་ཡིག་སྲུང་སྐྱོབ་བྱ་ཆེད་མངའ་སྡེ་གཞུང་གི་བློན་ཆེན་གྱི་མཚན་ཐོག་ནས་གཟའ་མཇུག་སློབ་གྲྭའི་སློབ་མ་རྩེར་སོན་གཉིས་ལ་གཟེང་རྟགས་སྤྲོད་སྲོལ་འདུག་པས། ད་ལོ་གཞོན་སྐྱེས་བསྟན་འཛིན་འབྱུང་གནས་དང་བསྟན་འཛིན་ལྷུན་འགྲུབ་གཉིས་ལ་ཐོབ་ཡོད།

ལོ་སྔོན་མ་ཞིག་ལ་ང་ཚོའི་སྒྲིག་འཛུགས་ཀྱིས་མཐོ་རིམ་མི་སྣས་གཟེང་རྟགས་སྤྲོད་སྐབས་སུ་བོད་ཡིག་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་མི་བརྩི་ཟེར་བའི་གནས་ཚུལ་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད། བོད་མིའི་སྤྱི་ཚོགས་ནང་བོད་ཡིག་བོད་སྐད་ཀྱི་བརྒྱ་ཆ་རྩིས་མེད་དུ་གཏོང་བཞིན་པའི་སྐབས། ཡུལ་འདིའི་མངའ་སྡེ་བློན་ཆེན་གྱིས་བོད་མིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་གི་ཤེས་ཚད་ལ་མཐོང་ཆེན་འདི་འདྲ་གནང་བ་འདིས་བརྡ་ག་རེ་སྤྲོད་ཀྱི་ཡོད་དམ།

ང་ཚོས་ཁ་ནས་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཅེས་མ་ཎི་ལྟར་སྒྲོག་བཞིན་ཡོད་ཀྱང་། བོད་རང་གི་ཚོགས་འདུ་ཁག་དང་ལས་ཁུངས་ནང་ཁུལ་ལ་ཡིག་འབྲེལ་བྱེད་སྐབས་སྐད་ཡིག་གཞན་བེད་སྐྱོད་གཏོང་མཁན་མང་བ་དང་། དེ་ལ་གཞུང་འབྲེལ་གྱིས་སྟངས་འཛིན་མེད་པར་མ་ཟད། གཞུང་འབྲེལ་གྱི་འདུ་འཛོམས་དང་ཡིག་རིགས་ཀྱང་བོད་ཡིག་ཐོག་དཀོན་པ་འདི་ཡ་མཚན་པའི་གནས་དང་། སེམས་སྐྱོ་བའི་རྒྱུ་བླ་ན་མེད་པ་ཞིག་ཡིན།  འདས་པའི་ལོ་དྲུག་ཅུ་ལྷག་གི་རིང་རྒྱ་ནག་གིས་བོད་ཀྱི་སྐད་དང་ཡི་གེ་གཏོར་བརླག་གཏོང་གི་ཡོད་ཚུལ་མང་དུ་བསྒྲགས་ཡོད་ལ། དོན་ལའང་དེ་བཞིན་དུ་གནས་མོད། རང་རེའི་སྒྲིག་འཛུགས་དང་མང་ཚོགས་ཀྱི་ངོས་ནས་ཀྱང་། ༸གོང་ས་ཐམས་ཅད་མཁྱེན་པའི་བཀའ་སློབ་ཉིན་བྱེད་ལྟ་བུའི་འོག་ཏུ་ཡང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་འགན་ཁུར་གཏན་ནས་མེད་པའི་སྣང་ཚུལ་རྒྱུན་མུར་འབྱུང་བཞིན་པ་འདི་ནི་ཡི་མུག་པའི་གནས་སོ། །

བསྐྱར་བཅོས།: ༢༠༡༩/༡༡/༡༠

Leave a Reply

One thought on “ཨོ་སི་ཊི་ལི་ཡར་བོད་སྐད་དང་བོད་ཡིག་འཚོལ་བ། 

  1. Wao ! 👍 Good Very Good ཡག་པོ་གསུང་འདུག དེ་པ་ བོད་ཀྱི་དྲིལ་བསྒྲག་ཁ་ལ་འཁྱེར་ནས་ སོ་་སོའི་སྒེར་གྱི་རྒྱ་གར་དཔོན་རིགས་ངོ་ཤེས་བཟོ་ཡ་དེ་རེད། ག་རེ་ རྒྱ་ཡིས་དཔོན་རིགས་དང་གཅིག་པ་རེད། གཞུང་གི་རྐུབ་ཀྱག་གྲངས་ཀ་ཚར་པ་དང་ ཕྱི་རྒྱལ་ལ་གནས་སྤོ་བྱེད་ཡ་དེ་རེད། 😂