སྐད་ཡིག་གཉིས་པའི་དགོས་མཁོ། བཞི་པ།

ནོར་བསམ།

གོང་གི་རྩོམ་ཡིག་ནང་ཕྲུ་གུ་ཚོར་སྐད་ཡིག་གཉིས་པ་སློབ་ཁྲིད་བྱེད་ཕྱོགས་སྐོར་ལ་བྲིས་ཟིན་པ་དང་། ད་ལན་མི་རྒན་པའམ། ནར་སོན་པ། དར་མ་ཚོར་སྐད་ཡིག་གཉིས་པ་སློབ་འཁྲིད་བྱེད་ཕྱོགས་སྐོར་ཅུང་ཟད་འབྲི་རྒྱུ་ཡིན། དེ་ཡང་ཉོག་བཤད་མེད་པར་གཙོ་བོ་སྐད་ཡིག་སྦྱོང་སྐབས་དང་། སློབ་ཁྲིད་སྐབས་སུ་དྲན་དགོས་པའི་གནད་དོན་ཁ་ཤས་འབྲི་རྒྱུ་ཡིན་པས་ཀློག་མཁན་རྣམས་ལ་ཅུང་ཟད་ཕན་རེ་བ་ཡོད།

འཛམ་གླིང་ཤར་ཕྱོགས་རྒྱལ་ཁབ་ཁག་ནས་ནུབ་ཕྱོགས་བྱང་ཨ་རི་སོགས་ལ་གཞིས་སྤོས་བྱེད་མཁན་གྲངས་འབོར་མང་པོ་ཡོད། ཕྱི་ལོ་ ༢༠༠༡ ལོར་ཨ་རིའི་མི་འབོར་ཞིབ་བཤེར་གྲངས་ཐོར་གཞིགས་ན་ཕྱི་མི་གཞིས་སྤོས་ཀྱི་མི་འབོར་ས་ཡ་ ༢༦།༤ ཡོད་པ་དང་། དེ་དག་ལས་བརྒྱ་ཆ་ ༨༠ ནི་ལོ་ཚད་ནར་སོན་པའི་དར་མ་ཆགས་ཡོད། ཕྱི་མི་གཞིས་སྤོས་པ་ཨ་རིར་སླེབས་པ་ནས་བཟུང་ཨིན་ཡིག་ནི་ཁོ་ཚོའི་སྐད་ཡིག་གཉིས་པ་ཆགས་ཡོད་ནའང་། མང་པོ་ཞིག་ལ་ཤེས་ཡོན་སློབ་སྦྱོང་གི་རྒྱབ་ལྗོངས་ཞན་པ་དང་། ཨ་རིར་སླེབས་མ་ཐག་ཡིན་སྟབས་འཚོ་བའི་ཆེད་ལས་ཀ་བྱེད་ཞོར་སྐད་ཡིག་གཉིས་པ་སྦྱོང་རྒྱུར་དཀའ་ངལ་ཡོད། ཕྱི་མི་གཞིས་སྤོས་ཀྱི་མི་འབོར་དེ་དག་ཁྲོད་བོད་མིའི་གྲངས་འབོར་མང་པོ་མིན་ནའང་། བོད་པ་ཡང་ཚུད་ཡོད། གསར་དུ་སླེབས་མཁན་རྣམས་ལ་ཨ་རི་གཞུང་ནས་འགྲོ་གྲོན་བཏང་ནས་ཨིན་སྐད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད། ཨི་ཤེ་ཡའི་ཡུལ་གྲུ་ཁག་དང་། ཨ་རིའི་ནང་སློབ་ཚན་འཁྲིད་སྟངས་དང་། སློབསྦྱོང་བྱེད་སྟངས་མི་འདྲ་བ་ཡོད། ཡིན་ནའང་། ཤར་ཕྱོགས་ཡུལ་ཁག་ནས་གཞིས་སྤོས་ལ་གསར་དུ་སླེབས་མཁན་ཚོས་འཛིན་གྲྭའི་ནང་ལ་དགེ་རྒན་གྱིས་གང་བསླབ་པ་རྣམས་སྦྱང་བ་ལས་རང་ཉིད་ལ་དགོས་མཁོ་ཡོད་པའི་སྐད་ཡིག་སྦྱོང་ཐབས་བྱེད་ཀྱི་མེད། ད་དུང་ལས་ཀ་བྲེལ་བ་ཡོད་པ་སོགས་རྒྱུ་མཚན་སྣ་མང་བརྗོད་ནས་དགེ་རྒན་གྱིས་འཁྲིད་པ་དེ་ཡང་མི་སྦྱོང་མཁན་མང་པོ་ཡོད། སྐད་ཡིག་གཉིས་པའི་དགེ་རྒན་ཞིག་གིས་དེ་ལྟར་བརྗོད་ཡོད། ཐོག་མར་སློབ་ཕྲུག་ཚོས་ལས་ཀ་མང་པོ་ཡོད་པ་བརྗོད་པར་བསམ་ཤེས་དང་། སློབ་ཕྲུག་རྣམས་ནར་སོན་པ་ཤ་སྟག་ཡིན་སྟབས་རང་འགུལ་གྱིས་བྱེད་ཀྱི་རེད་བསམ་ནས་སློབ་ཁྲིད་བྱས་ནའང་། རེ་བ་བྱས་པ་བཞིན་ཁོ་ཚོའི་སྐད་ཡིག་གཉིས་པ་ཨིན་ཡིག་ཡར་རྒྱས་མ་ཕྱིན་སྟབས། ནང་སྦྱོང་བསྐུར་པ་དང་། དགེ་རྒན་ཁོ་རང་ཡང་འཛིན་གྲྭ་མ་ཚོགས་པའི་ཆུ་ཚོད་ཕྱེད་ཀ་སྔོན་ལ་སླེབས་ནས་སློབ་ཕྲུག་སྒེར་དང་ཐུག་འཕྲད་ཀྱིས་ནང་སྦྱོང་ལ་ཞུ་དག་དང་། སེམས་ཤུགས་སྤར་བར་བརྟེན་མངོན་གསལ་དོད་པོས་ཡར་རྒྱས་ཕྱིན་པ་བརྗོད། དགེ་རྒན་ཁོང་གིས་མཐའ་སྡོམ་དེ་ལྟར་རྒྱབ་ཡོད། འཛམ་གླིང་ཤར་ཕྱོགས་ནས་སླེབས་མཁན་ཚོར་དགེ་རྒན་གྱིས་བསྐུལ་ན་ཡག་པོ་སྦྱོང་པ་ལས། གལ་སྲིད་དགེ་རྒན་གྱིས་ནང་སྦྱོང་མ་བྲིས་ན་ཁྱིམ་ལ་ཡི་གེ་སྦྱོང་མི་དགོས་པར་ངོས་འཛིན་གྱིས་སྣང་མེད་གཏོང་བའི་གོམས་གཤིས་འདུག་ཅེས་བརྗོད་ཡོད། སྐད་ཡིག་གཉིས་པ་སྦྱོང་མཁན་མི་དར་མ་ཚོས་སྐད་ཡིག་སྦྱོང་འདུན་ཤུགས་ཆེན་པོ་ཡོད་ནའང་། སྦྱོང་སྟངས་མི་ཤེས་པའི་དཀའ་ངལ་ཆེན་པོ་ཡོད། ཨི་ཤེ་ཡ་ཁུལ་ནས་ཡིན་པའི་མི་རྒན་པ་མང་པོས་སྐད་ཡིག་སྦྱོང་སྐབས་ཚིག་གསར་སྐད་ཤུགས་ཆེན་པོས་ཡང་ནས་བསྐྱར་དུ་ཀློག་པ་དང་། ཚིག་གསར་བློ་འཛིན་པ་ལས་ཚིག་སྒྲུབ་ནང་ལ་བེད་སྤྱོད་གཏོང་སྟངས་མི་ཤེས་མཁན་མང་པོ་ཡོད། ཚིག་གསར་ཤེས་ནའང་ཚིག་སྒྲུབ་ནང་ལ་བེད་སྤྱོད་གཏོང་སྟངས་མི་ཤེས་ན་ཚིག་གསར་ཤེས་པ་རྣམས་བརྗེད་སླ་བ་དང་། སྦྱོང་བའི་དགོས་དོན་མ་སྒྲུབ་པ་རེད།

སྐད་ཡིག་གི་རྩལ་བཞི་ལས་ཉན་རྩལ་དང་། ཀློག་རྩལ་གཉིས་ལ་སྐད་ཡིག་གཉིས་པ་སྦྱོང་མཁན་མི་རྒན་པ་ཚོས་དགའ་མོས་ཆེ་བ་དང་། ལས་སླ་བ་ཚོར་གྱི་ཡོད། ཡིན་ནའང་། བཤད་རྩལ་དང་། འབྲི་རྩལ་གཉིས་ལ་དཀའ་ལས་ཁག་སྣང་ཆེ་བ་ཚོར་གྱི་ཡོད། ཨི་ཤེ་ཡ་ཁུལ་ནས་སླེབས་པའི་ཨིན་ཡིག་སྐད་ཡིག་གཉིས་པའི་ཐོག་ནས་སྦྱོང་མཁན་ཚོས་ཨིན་སྐད་ཤོད་རྒྱུར་ངོ་ཚ་དང་། གདེངས་སྤོབས་མེད་པའི་རྣམ་འགྱུར་བསྟན་ནའང་། རླུང་འཕྲིན་དང་བརྙན་འཕྲིན་ཐོག་ནས་ཨིན་སྐད་ཉན་པ་དང་། གཅིག་པུར་དེབ་ཀློག་ནས་སྐད་ཡིག་ཡར་རྒྱས་འགྲོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། དཔེར་ན། བཞུགས་སྒར་དྷ་སའི་ཉེ་འཁྲིས་སུ་ཆགས་པའི་བོད་ནས་གསར་དུ་ཕེབས་པའི་བོད་མི་དར་མ་ཚོ་སློབ་སྦྱོང་གནང་ཡུལ་ཤེས་རབ་དགའ་ཚལ་སློབ་གླིང་ལ་བསྐྱོད་མྱོང་མཁན་སློབ་ཟུར་གཅིག་གིས་དེ་ལྟར་བརྗོད། ཐོག་མར་ཨིན་སྐད་སྦྱོང་སྐབས་འཛིན་ཁང་ནང་ལ་ཨིན་སྐད་རྒྱབ་རྒྱུར་འཚེར་སྣང་དང་། སྒྲ་གདངས་གསལ་པོ་མི་ཐོན་པའི་ཚོར་བས་སྣན་ནས་གདེངས་སྤོབས་མེད་པ་ལྟ་བུ་ཡོད་ནའང་། ཨིན་དེབ་ཀློག་པ་དང་། ཨིན་ཡིག་དགེ་རྒན་སོགས་ཀྱིས་ཨིན་སྐད་བཤད་པར་དོ་སྣང་དང་ཧུར་བརྩོན་གྱིས་ཉན་གྱི་ཡོད་ཅེས་བརྗོད། ཨ་རི་ལ་འཛམ་གླིང་ཤར་ཕྱོགས་ཡུལ་ཁག་ནས་སླེབས་པའི་ཨིན་ཡིག་སྐད་ཡིག་གཉིས་པའི་ལམ་ནས་སྦྱོང་མཁན་གྱི་ཉམས་མྱོང་དང་། རྒྱ་གར་ནང་བོད་ནས་གསར་དུ་ཕེབས་པའི་མི་དར་མ་ཤེས་རབ་དགའ་ཚལ་སློབ་གླིང་ལ་བསྐྱོད་མྱོང་མཁན་ཚོས་ཨིན་ཡིག་སྦྱོང་སྐབས་མྱོང་བ་གཉིས་ཧ་ཅང་འདྲ་པོ་འདུག ཨིན་ཡིག་སྒྲུང་དེབ་ཀློག་སྐབས་ཡང་ནས་བསྐྱར་དུ་ཚིག་གསར་གྱི་དོན་ཚིག་མཛོད་ནང་ལ་འཚོལ་ཞིབ་ཀྱིས་བྱས་ནས་ཀློག་པ་ལས། ཚིག་གསར་ཚང་མའི་དོན་ཚིག་མཛོད་ལ་མ་འཚོལ་བར་ཚིག་སྒྲུབ་སྔ་ཕྱིའི་དོན་དང་སྦྱར་ནས་ཚོད་དཔག་བྱེད་པ་སོགས་ཀྱི་ཐབས་ལམ་མི་ཤེས་པ་དེ་རེད། སྐད་ཡིག་དགེ་རྒན་མང་པོ་ཞིག་གིས། ཚིག་ཚང་མ་ཚིག་མཛོད་ལ་འཚོལ་རྒྱུ་མེད་པ་ཇི་ཙམ་བརྗོད་ནའང་། མི་རྒན་པ་སྐད་ཡིག་གཉིས་པ་སྦྱོང་མཁན་ཚོས་ཚིག་མཛོད་ལ་ཡང་ཡང་བལྟ་ཡི་ཡོད་སྟབས། སྐད་ཡིག་གཉིས་པའི་དགེ་རྒན་གཅིག་གིས། ཀློག་རྩལ་མགྱོགས་པོ་ཡོང་ཆེད་ཤོག་ངོས་གཅིག་དུས་ཚོད་བཀག་ནས་ཀློག་འཇུག་པར་བརྟེན་ཚིག་མཛོད་ལ་མ་བརྟེན་ནས་ཀློག་རྩལ་ཡར་རྒྱས་ཡོང་གི་ཡོད་པ་བརྗོད་ཡོད།

ཨ་རིར་ཡོད་པའི་ཨིན་ཡིག་སྐད་ཡིག་གཉིས་པའི་དགེ་རྒན་རྒྱ་རིགས་ཤིག་གིས། ཁོ་རང་རྒྱ་ནག་ལ་ཡོད་སྐབས་ཨིན་ཡིག་ཡག་པོ་མི་ཤེས་ནའང་། ཉིན་ལྟར་ཉིན་ཐོ་ཨིན་ཡིག་ཐོག་ནས་འབྲི་ཡི་ཡོད་པ་དང་། ཐོག་མར་ཉིན་ཐོ་འབྲི་སྐབས་ཨིན་ཡིག་ཚིག་མང་པོ་མི་ཤེས་པའི་ཚབ་ལ་རྒྱ་ཡིག་འབྲི་དགོས་བྱུང་ནའང་། ཨིན་ཡིག་ཉིན་ཐོ་མུ་མཐུད་ནས་བྲིས་པར་བརྟེན། རྗེས་སུ་ཨིན་ཡིག་འབྲི་རྩལ་ཡར་རྒྱས་ཆེན་པོ་ཕྱིན་པ་བརྗོད། ཕྲན་གྱི་དགེ་རྒན་ཁོང་གི་དགོངས་ཚུལ་ཐོས་པ་དང་། སེམས་ནང་དེ་ལྟར་དྲན། གལ་སྲིད་ཕྱི་རྒྱལ་ཡུལ་ཁག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་ལ་ཡོད་པའི་བོད་ཕྲུག་ཚོར་བོད་ཡིག་ལམ་ནས་ཉིན་ཐོ་འབྲི་རྒྱུའི་གོམས་གཤིས་འཇགས་སུ་འཇུག་པ་ཡིན་ན། བོད་ཡིག་འབྲི་རྩལ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ངེས་ཅན་ཡོང་རྒྱུ་གདོན་མི་བཟའ་སྙམ།

མི་རྒན་པ་སྐད་ཡིག་གཉིས་པ་སྦྱོང་མཁན་གྱི་འཛིན་གྲྭའི་དགེ་རྒན་ཞིག་ལ་མཚོན་ན། ཐོག་མར་སློབ་ཕྲུག་གི་གནས་སྟངས་ཡག་པོ་ཤེས་དགོས། སློབ་ཕྲུག་དེ་ལ་ཕ་སྐད་ཐོག་ནས་སློབ་གྲྭའི་སློབ་སྦྱོང་ཐོབ་མྱོང་ཡོད་དམ། སློབ་ཕྲུག་དེ་ལ་ཕ་སྐད་ཐོག་ནས་སློབ་གྲྭའི་སློབ་སྦྱོང་ཐོབ་མྱོང་ནའང་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་ལེགས་ཉེས་དང་། ཁྱིམ་ཚང་གི་འཚོ་བའི་ཆེད་དུ་ལས་ཀར་བསྐྱོད་དགོས་མིན། སློབ་སྦྱོང་བྱེད་རྒྱུའི་དུས་ཚོད་ཇི་ཙམ་ཡོད་མེད། དམིགས་བསལ་བལྟ་རྟོགས་དགོས་རིགས་ཡིན་མིན། ད་དུང་ལོ་ཚད་དང་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་དཀའ་ངལ་ཡོད་མེད་སོགས་གནས་སྟངས་འདྲ་མིན་གང་ཡང་ཡོང་ཆོག་པས་དགེ་རྒན་གྱིས་རྟོགས་ཐབས་བྱེད་དགོས། གནས་སྟངས་དེ་རིགས་ཡོད་མེད་ཐད་ཀར་དྲི་བ་འདྲི་ན་མི་འགྲིག་པར་འཛིན་གྲྭའི་ནང་ལ་ཀློག་རྩལ་དང་འབྲི་རྩལ་སྦྱོང་ཚན་བསྐུར་པ་དང་། སྤྱི་ཡོངས་ནས་རྟོགས་ཞིབ་བྱེད་པ་སོགས་བརྒྱུད་ནས་ཤེས་རྟོགས་ཐུབ་པ་བྱ་དགོས། དགེ་རྒན་གྱིས་སློབ་ཕྲུག་གིས་གནས་སྟངས་ཤེས་རྗེས། སློབ་ཕྲུག་རེ་རེའི་མི་ཚེའི་ལོ་རྒྱུས་སམ། བརྗོད་གཞི་གཅིག་སྤྲད་ནས་དེ་དང་འབྲེལ་བའི་ཚིག་སྒྲུབ་རེ་རེ་བརྗོད་དུ་འཇུག་པ་དང་། སློབ་ཕྲུག་གིས་བརྗོད་པའི་ཚིག་སྒྲུབ་དགེ་རྒན་གྱིས་ཚིག་སྒྲུབ་ཆ་ཚང་བའི་ཐོག་ནས་ནག་པང་ལ་ས་སྨྱུག་གིས་འབྲི་དགོས། སློབ་ཕྲུག་རེ་རེས་ཚིག་སྒྲུབ་རེ་རེ་བརྗོད་པ་རྣམས་མཉམ་དུ་སྒྲིག་ནས་སྒྲུང་ཐུང་ཐུང་གཅིག་བཟོས་པ་དང་། དགེ་རྒན་གྱིས་སྐད་ཤུགས་ཆེན་པོས་ཚིག་སྒྲུབ་རེ་རེ་ཀློག་པ་དང་། སློབ་ཕྲུག་ལ་རྗེས་ཟློས་བྱེད་དུ་འཇུག་དགོས། ཐེངས་གཉིས་པ་དང་གསུམ་པ་ཀློག་སྐབས་སློབ་ཕྲུག་ཚོས་ཀློག་རྒྱུར་གདེངས་སྤོབས་ཆེ་བ་དང་སྐད་ཤུགས་ཆེ་བ་འདོན་ཐུབ། དེ་ནས་དགེ་རྒན་གྱིས་སྒྲུང་ནང་གི་ཚིག་གསར་རྣམས་ལ་སྒོར་ཐིག་རྒྱབ་ནས་ཚིག་གསར་གྱི་དག་ཆ་དང་། སྒྲ་གདངས་ཡག་པོ་ཡོང་ཆེད་སློབ་ཁྲིད་བྱེད་དགོས། སྐད་ཡིག་གཉིས་པ་སྦྱོང་མཁན་མི་རྒན་པ་ཚོས་སོ་སོས་བརྗོད་པའི་ཚིག་སྒྲུབ་མཉམ་སྒྲིག་གིས་སྒྲུང་ཆགས་པ་དེ་རིགས་ལ་དོ་སྣང་ཆེན་པོ་བྱེད་པ་མ་ཟད། མུ་མཐུད་ནས་དེ་ལྟ་བུའི་སྒྲུང་དང་ཚིག་སྒྲུབ་འབྲི་རྒྱུ་དང་། ཀློག་རྒྱུར་སེམས་ཤུགས་སྐྱེ་ཐུབ།

གོང་གསལ་ལས་ང་ཚོས་ཤེས་ཐུབ་པ་ནི་སྐད་ཡིག་གཉིས་པ་སྦྱོང་མཁན་གྱི་གནས་སྟངས་ཡག་པོ་ཤེས་དགོས་ལ། སློབ་ཁྲིད་ཐབས་ལམ་དང་སློབ་ཁྲིད་ཡོ་ཆས་ཡག་པོ་ངོ་སྤྲོད་བྱེད་ཐུབ་དགོས། དཔེར་ན། ཤིང་ཏོག་གི་མིང་སློབ་མཁན་ཡིན་ན་ཤིང་ཏོག་ངོ་མ་མིག་སྟོན་པ་དང་། ཤིང་ཏོག་དེ་ཚོང་ཁང་ནང་ལ་དངོས་སུ་འཁྲིད་ནས་རིན་གོང་བསྡུར་བ་སོགས་མི་རྒན་པ་ཚོས་ཉིན་རེའི་འཚོ་བའི་ནང་ལ་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་པའི་ཐབས་ལམ་བེད་སྤྱོད་ཀྱིས་སློབ་ཁྲིད་བྱེད་ཐུབ་ན་ཚིག་གསར་ཤེས་སླ་མ་ཟད། གང་ཤེས་པ་རྣམས་བརྗེད་དཀའ་བ། བེད་སྤྱོད་གཏོང་ཐུབ་ཀྱི་རེད། ཚིག་གསར་སྦྱོང་ཐབས་དང་སློབ་ཁྲིད་ཐབས་ལམ་དེ་ནི་ཤོག་བྱང་ཐོག་ལ་བྲིས་ནས་ཚིག་གསར་ངག་སྐྱོར་བཏང་པ་ལས་ཕན་ཐོགས་ཆེ་བ་ཡོད། ཀློག་མཁན་ཚོས། ཤོག་བྱང་ཆུང་ཆུང་ཐོག་ལ་ཚིག་གསར་བྲིས་ནས་ངག་སྐྱོར་གཏོང་བའི་ལམ་སྲོལ་རྙིང་པ་ཤེས་ཀྱི་ཡོད་དམ། མི་རྒན་པ་ཚོས་ཚིག་གསར་བློ་ལ་ངེས་པའི་ཐབས་ཤེས་སུ་ཤོག་བྱང་ཆུང་ཆུང་ཐོག་ལ་ཚིག་གསར་རྣམས་བྲིས་ཏེ་ལས་ཀར་འགྲོ་ཞོར་དང་། གསང་སྤྱོད་ཁྲུས་ཁང་སོགས་ནང་ལ་མཐོང་སར་འཇོག་པ་སོགས་བྱེད་ཀྱི་ཡོད།

སྐད་ཡིག་གཉིས་པའི་དགེ་རྒན་ཚོས་མི་རྒན་པར་སློབ་ཁྲིད་བྱེད་སྐབས་ཕྲན་གྱིས་དེ་སྔོན་ཕྲུ་གུར་སྐད་ཡིག་སློབ་ཁྲིད་སྐབས་སུ་བེད་སྤྱོད་ཡང་ཡང་བྱེད་ཀྱི་ཡོད་ཅེས་བརྗོད་པའི་སློབ་ཁྲིད་ཐབས་ལམ་ཨིན་སྐད་དུ་ ΤΠΡ (Τοταλ Πηψσιχαλ Ρεσπονσε) ཞེས་པ་བེད་སྤྱོད་གཏོང་གི་ཡོད། དཔེར་ན། ཤིང་ཏོག་ངོ་མ་སློབ་ཕྲུག་ལ་སྤྲད་པ་དང་། དགེ་རྒན་གིས་ཤིང་ཏོག་བྱེ་བྲག་པའི་མིང་འབོད་ནས་ཤིང་ཏོག་དེ་དགེ་རྒན་ལ་སྤྲོད་རོགས་ཟེར་སྐབས་སློབ་ཕྲུག་གིས་ཤིང་ཏོག་མ་ནོར་བ་བླངས་ནས་དགེ་རྒན་ལ་སྤྲོད་དགོས་པ་དང་། ཡང་དགེ་རྒན་གྱིས་ཤིང་ཏོག་གཞན་གྱི་མིང་འབོད་ནས་འཛིན་གྲྭའི་དཀྱིལ་ལ་འཇོག་ཟེར་སྐབས་སློབ་ཕྲུག་གིས་ཤིང་ཏོག་མ་ནོར་བླངས་ནས་འཛིན་གྲྭའི་དཀྱིལ་ལ་འཇུག་དགོས། སློབ་ཁྲིད་ཐབས་ལམ་དེ་རིགས་ཀྱིས་ཚིག་གསར་ཤེས་པ་དང་མཉམ་དུ་ཚིག་སྒྲུབ་ཆ་ཚང་བ་དགེ་རྒན་གྱིས་བརྗོད་པ་གཟབ་པར་ཉན་དགོས་པ་དང་། དགེ་རྒན་གྱི་ལུས་པོའི་རྣམ་འགྱུར་ལས་དོན་དག་མང་པོ་ཞིག་ཤེས་ཐུབ་པ་སོགས་སློབ་ཁྲིད་ཐབས་ལམ་ཡག་པོ་ཞིག་རེད། སློབ་ཁྲིད་ཐབས་ལམ་གཞན་གཅིག་ནི། དང་པོ་སློབ་ཕྲུག་ལ་ཤིང་ཏོག་གི་པར་དང་ཡང་ན། རི་མོ་མིག་ལ་བསྟན་ནས་ཤིང་ཏོག་གི་མིང་ག་རེ་རེད་ཅེས་སྐད་ཆ་འདྲི་བ་དང་སློབ་ཁྲིད་བྱེད་དགོས།

གོང་གསལ་སློབ་ཁྲིད་ཐབས་ལམ་དེ་དག་སྐད་ཡིག་གཉིས་པའི་དགེ་རྒན་དང་། ཕྲུ་གུའི་ཕ་མ་ཚོས་སྐད་ཡིག་གཉིས་པ་སློབ་ཁྲིད་གནང་སྐབས་བེད་སྤྱོད་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། དེ་ཡང་ཕན་ཐོགས་ཡོད་པའི་གནས་སྟངས་དོན་ཚན་ཁ་ཤས་འགོད་སྤེལ་བྱས་ན་དེ་ལྟར། དང་པོ། སློབ་ཕྲུག་དང་མཉམ་དུ་འཚོ་བ་དངོས་དང་སྦྱར་ནས་སྐད་ཆ་བཤད་ཐུབ། གཉིས་པ། སློབ་ཁྲིད་ཐབས་ལམ་དེ་དག་བེད་སྤྱོད་བྱས་ཚེ་སློབ་ཚན་གང་ཡིན་ནའང་། སློབ་ཕྲུག་ཚོའི་མིག་གིས་མཐོང་རྒྱུའི་གོ་སྐབས་ཡོད་སྟབས་ཤེས་སླ་བ་ཡོད། གསུམ་པ། སློབ་ཕྲུག་ཚོ་ས་ཆ་གཅིག་ལ་བསྡད་རྒྱུ་མིན་པར་འགུལ་བསྐྱོད་མང་པོ་གཏོང་རྒྱུ་ཡོད་སྟབས་ཉོབ་སྣང་མེད་པར་དོ་སྣང་ངང་གནས་ཐུབ། བཞི་པ། སློབ་ཕྲུག་ཚོས་འཁྲིད་གཞིའི་སྐད་ཡིག་གཉིས་པའི་ཐོག་ནས་ཚིག་སྒྲུབ་བཟོ་སྟངས་དང་། ཚིག་གསར་བེད་སྤྱོད་གཏོང་སྟངས་ཤེས་ཐུབ། ལྔ་པ། སློབ་ཕྲུག་ཚང་མར་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་ཐུབ། དྲུག་པ། སློབ་ཕྲུག་ཚོས་དགེ་རྒན་དང་སློབ་ཕྲུག་གཞན་གྱིས་བཤད་པའི་སྐད་ཆར་ཉན་པ་དང་། ཅ་དངོས་བསྟན་པ་སོགས་ལས་སྐད་ཡིག་མུ་མཐུད་སྦྱོན་འདུན་སླེབས་ཐུབ། བདུན་པ། སློབ་ཕྲུག་ཚོས་ཤོག་བྱང་བེད་སྤྱོད་ཀྱིས་ཚིག་གསར་དྲན་པའམ་སྦྱོང་ཐུབ། བརྒྱད་པ། སློབ་ཕྲུག་ཚོས་ཚིག་གསར་སྦྱངས་པ་རྣམས་མི་དྲན་པའི་གནས་སྐབས་སུ་ཤོག་བྱང་བསྐྱར་དུ་བལྟས་ནས་དྲན་གསོ་ཐུབ་པ། དགུ་པ། སྐད་ཡིག་སློབ་ཁྲིད་བྱེད་སྐབས་སྐབས་རེ་སློབ་ཕྲུག་ཚོ་འཛིན་ཁང་ཕྱི་ལ་འཁྲིད་ནས་ཡུལ་ལྗོངས་ལ་རོལ་པ་དང་མཉམ་དུ་ཚིག་གསར་སློབ་ཁྲིད་བྱས་པ་རྣམས་ཤེས་སླ་བ་དང་བརྗེད་དཀའ་བ་ཡོད། བཅུ་པ། སློབ་ཕྲུག་ཚོར་སློབ་ཚན་དང་འབྲེལ་བའི་རི་མོ་འབྲི་རུ་འཇུག་པ་དང་། རི་མོ་དང་འབྲེལ་ནས་སྒྲུང་ཤོད་དུ་འཇུག་ན་འཁྲིད་ཟིན་པའི་སློབ་ཚན་ལ་བསྐྱར་སྦྱོང་དང་སྐད་ཆ་ཤོད་རྒྱུའི་གོ་སྐབས་མང་བ་སྤྲོད་ཐོབ་ཡོང་ཐུབ།

མི་རྒན་པས་སྐད་ཡིག་གཉིས་པ་སྦྱོང་སྐབས་དགོས་པ་རྒྱུ་མཚན་དང་། དམིགས་ཡུལ་མི་འདྲ་བ་ཡོད། ཨིན་ཡིག་སྐད་ཡིག་གཉིས་པའི་ངོ་བོར་སྦྱོང་མཁན་ཁྲོད་དུ་ཚོང་ལས་སློབ་སྦྱོང་བྱེད་ཆེད་ཨིན་ཡིག་སྦྱོང་མཁན་དང་། སྨན་གྱི་སློབ་སྦྱོང་བྱ་རྒྱུར་དམིགས་ནས་ཨིན་ཇིའི་སྐད་ཡིག་སྦྱོང་མཁན་སོགས་དགོས་འདུན་མི་འདྲ་བའི་ཐོག་ནས་ཨིན་སྐད་སྦྱོང་མཁན་ཡོད་པ་དང་འདྲ་བར་བོད་ཡིག་སྐད་ཡིག་གཉིས་པའི་ངོ་བོར་སྦྱོང་མཁན་ཁྲོད་དུ་ཡང་དེ་མཚུངས་དམིགས་ཡུལ་མི་འདྲ་བ་བཟུང་མཁན་ཡོད། དཔེར་ན། ནང་ཆོས་སྦྱོང་རྒྱུར་དམིགས་ནས་བོད་ཀྱི་སྐད་ཡིག་སྦྱོང་མཁན་དང་། བོད་ཀྱི་རྩོམ་ཡིག་བལྟ་ཀློག་དང་། ཉམས་ཞིབ་རྒྱུ་ཆ་བལྟ་ཀློག་ཆེད་དུ་བོད་ཡིག་སྦྱོང་མཁན། བོད་པའི་སྤྱི་ཚོགས་ནང་ལ་ལས་ཀ་བྱ་རྒྱུའི་ཆེད་དུ་བོད་ཡིག་སྦྱོང་མཁན་སོགས་ཡོད། ཕྱི་གླིང་བ་ནང་ཆོས་སློབ་སྦྱོང་བྱེད་མཁན་རེ་ཟུང་གིས་དཔེ་ཆ་ཀློག་སྟངས་ཡག་པོ་ཤེས་པ་དང་། ཆོས་ཀྱི་རྩོད་པ་ཡག་པོ་རྒྱབ་ཤེས་ནའང་། རྒྱུན་སྤྱོད་སྐད་རིགས་ཡག་པོ་མི་བཤད་པའམ་བོད་སྐད་ཐོག་ནས་སྐད་ཆ་བཤད་རྩལ་དེ་ཙམ་ཡག་པོ་མེད་མཁན་ཡོད། ཕྲན་གྱི་ངོ་ཤེས་ཁེ་ན་ཌར་བོད་རིག་པའི་མཁས་པ་ཞིག་གིས་ཉམས་ཞིབ་ཆེད་བོད་ཡིག་ཐོག་ཡོད་པའི་ཡིག་ཆ་རྙིང་པ་བལྟ་ཀློག་བྱེད་ཀྱི་ཡོད་ནའང་། བོད་ཡིག་འབྲི་མི་ཤེས་པར་རྩོམ་ཡིག་ཚང་མ་ཨིན་ཡིག་ཐོག་འབྲི་ཡི་ཡོད། ཁོང་གིས་ཚོགས་འདུ་ཞིག་གི་ཐོག་ལ་ཁོ་རང་གིས་བོད་ཀྱི་སྐད་ཡིག་སྦྱོང་དོན་གཙོ་བོ་ལོ་རྒྱུས་ཡིག་ཆ་ཁག་ཀློག་རྒྱུའི་ཆེད་དུ་སྦྱངས་པ་ཡིན་ཞེས་བཤད་འདུག དེ་བཞིན་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་ཡོད་པའི་ཕྲུ་གུའི་ཕ་མ་དང་། དགེ་རྒན་རེ་ཟུང་གིས་བོད་ཕྲུག་ཚོས་བོད་སྐད་བཤད་ཐུབ་པ་དང་ཉན་ཐུབ་ན་འགྲིག་པ་ལས། བོད་ཡིག་ཐོག་ནས་རྩོམ་ཡིག་འབྲི་བ་སོགས་ཀྱི་རེ་བ་མེད་ཅེས་བརྗོད་མཁན་འདུག དེ་བས་ཁོ་ཚོས་ཕྲུ་གུ་བོད་ཡིག་སློབ་གྲྭར་གཏོང་བའི་དམིགས་ཡུལ་ནི་བོད་སྐད་བཤད་རྩལ་དང་ཉན་རྩལ་ཡར་རྒྱས་གཏོང་རྒྱུ་དམིགས་ཡུལ་ལ་བཟུང་པ་ལྟ་བུ་རེད། ཡིན་ནའང། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བསླབ་གཞི་རྩ་འཛིན་ཤེས་རིག་ལས་ཁུངས་གཏན་འབེབས་གནང་བ་དང་། སློབ་དེབ་ད་ཡོད་ལ་ཕྲན་ནས་བལྟ་ཀློག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གི་རྩལ་བཞི་ཚང་མ་ཡར་རྒྱས་གཏོང་རྒྱུ་ཡིན་འདུག་པ་ལས། གོང་གསལ་ཕ་མ་དང་དགེ་རྒན་རེ་ཟུང་གི་དམིགས་ཡུལ་ཙམ་མིན་པ་གསལ་པོ་ཤེས་ཀྱི་ཡོད།

བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སྦྱོང་སྐབས་དམིགས་ཡུལ་བྱེ་བྲག་གཅིག་བཟུང་ནས་དེའི་ཆེད་དུ་དུས་ཡུན་ཟླ་གྲངས་དང་། ལོ་གྲངས་དེ་ཙམ་སློབ་སྦྱོང་བྱས་ནས་འབྲས་བུ་ཐོན་པ་བྱ་ཡི་ཡིན་ཟེར་མཁན་དཀོན་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཚོས་སྐད་ཡིག་གི་རྩལ་བཞི་ལས་རྩལ་གཅིག་ཡར་རྒྱས་གཏོང་རྒྱུ་དམིགས་ཡུལ་ལ་བཟུང་ནས་ཟླ་བ་གསུམ་རིང་སློབ་ཚན་དེ་སློབ་ཀྱི་ཡིན་ཟེར་ནས་འཆར་གཞི་དང་སློབ་ཁྲིད་བྱེད་མཁན་དཀོན་པོ་མིན་ནམ་སྙམ། ཡིན་ནའང་། ནུབ་ཕྱོགས་ཡུལ་ཁག་ལ་ལུང་པ་གཞན་ནས་གསར་དུ་གཞིས་སྤོས་སུ་སླེབས་མཁན་རྣམས་ལ་སྐད་ཡིག་གཉིས་པ་སློབ་ཁྲིད་བྱེད་སྐབས་སློབ་དུས་སོ་སོར་སྐད་ཡིག་གི་རྩལ་བཞི་ལས་བྱེ་བྲག་པ་གཙོ་བཟུང་གིས་སློབ་ཁྲིད་བྱེད་ཀྱི་འདུག ད་དུང་མཐོ་སློབ་ལ་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་འཆར་གཞི་ཡོད་མཁན་ཚོས་ΕΑΠ (Ενγλιση φορ Αχαδεμιχ Πυρποσεσ) ཞེས་པའི་སློབ་གཞིའི་འོག་སློབ་སྦྱོང་བྱེད་པ་དང་། ཚོང་ལས་སློབ་སྦྱོང་བྱེད་འདུན་ཚོས་སྔོན་ལ་སྐད་ཡིག་ཡར་རྒྱས་གཏོང་རྒྱུར་ Ενγλιση φορ Βυσινεσσ Πυρποσεσ སོགས་སློབ་སྦྱོང་བྱེད་སྲོལ་འདུག མདོར་ན། ཨིན་ཇིའི་སྐད་ཡིག་སློབ་སྦྱོང་བྱེད་སྐབས་དམིགས་ཡུལ་བྱེ་བྲག་བཟུང་ནས་སློབ་སྦྱོང་བྱེད་སྲོལ་འདུག་པ་དེ་རིགས་ལ་ Ενγλιση φορ Σπεχιφιχ Πυρποσεσ (ΕΣΠ) ཞེས་འབོད་ཀྱི་འདུག བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་སྐབས་གཙོ་བོ་སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་ཐབས་སུ་དམིགས་ནས་སློབ་ཁྲིད་གནང་ཐུབ་ན་དགེ་མཚན་ཆེ་བ་མཐོང་ལ། ཨིན་ཡིག་སྐད་ཡིག་གཉིས་པ་སློབ་ཁྲིད་བྱེད་སྟངས་ལྟ་བུ་དམིགས་ཡུལ་བྱེ་བྲག་ཐོག་ནས་སློབ་གཞི་བཟོ་ཐུབ་ན་དགེ་མཚན་ཆེན་པོ་མེད་དམ་སྙམ།

སྐད་ཡིག་གཉིས་པ་མི་རྒན་པར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་ཡིན་ན། སློབ་ཁྲིད་མ་བྱས་སྔོན་ལ་ངེས་པར་སློབ་ཕྲུག་གིས་ག་རེ་ཤེས་འདོད་ཡོད་མེད་བལྟ་དགོས་ལ། དགེ་རྒན་རང་ཉིད་ཀྱིས་ཉམས་ཞིབ་ཀྱིས་སློབ་ཕྲུག་གིས་ག་རེ་ཤེས་དགོས་པ་གསལ་པོ་ཤེས་ཐུབ་པ་དགོས། འོ་ན། དགེ་རྒན་གྱིས་སློབ་ཕྲུག་གིས་ག་རེ་ཤེས་དགོས་པ་ཤེས་རྟོགས་ཇི་ལྟར་བྱེད་ཐུབ་བམ། དགེ་རྒན་གྱིས་སློབ་ཕྲུག་མཉམ་དུ་བསྡད་ཅི་གྲོས་མོལ་གྲོས་ཤོད་དགོས། དེ་ཡང་སེམས་ཐག་ཉེ་པོ་ཐོག་ནས་སྐད་ཆ་ཤོད་རེས་ཐེངས་གཅིག་ཙམ་མིན་པར་ཡང་ཡང་ཡོད་དགོས། དཔེར་ན། སློབ་ཕྲུག་རྒན་པ་ཚོ་སློབ་ཞོར་ལ་ལས་ཀ་བྱེད་པར་འགྲོ་སྐབས་སྐད་ཡིག་ག་རེ་བེད་སྤྱོད་ཆེ་བ་ཡོད་པ་དང་། སློབ་ཕྲུག་ཚོས་གུང་སེང་ལ་འཁྲིད་གཞིའི་སྐད་ཡིག་གཉིས་པའི་ཐོག་ནས་གློག་བརྙན་བལྟ་གི་ཡོད་མེད་དང་། ནང་མི་མཉམ་དུ་སྐད་ཡིག་ག་རེ་ཐོག་ནས་སྐད་ཆ་མང་བ་ཤོད་ཀྱི་ཡོད་མེད། སྐད་ཡིག་གཉིས་པ་སྦྱོང་སྐབས་དཀའ་ལས་ཁག་ཤོས་ག་རེ་ཡིན་མིན། སྐད་ཡིག་གཉིས་པ་བེད་སྤྱོད་གཏོང་སའི་ཁོར་ཡུག་ག་པར་ཡོད་མེད། སྐད་ཡིག་གཉིས་པ་ཕ་སྐད་ཡིན་མཁན་དང་མིན་མཁན་སུ་དང་མཉམ་དུ་སྐད་ཆ་ཤོད་ཀྱི་ཡོད་མེད། སྐད་ཡིག་གཉིས་པའི་ནང་སྦྱོང་བྱེད་ཁོམས་ཡོད་མེད། སྐད་ཡིག་གཉིས་པ་སློབ་སྦྱོང་མུ་མཐུད་ནས་བྱེད་འདུན་ཡོད་མེད། སྐད་ཡིག་གི་རྩལ་བཞི་ལས་དཀའ་ལས་ཁག་ཤོས་ག་རེ་ཡིན་མིན་སོགས་དྲི་བ་འདྲི་བ་དང་། མཉམ་དུ་བསྡད་ནས་སྐད་ཆ་ཤོད་དགོས། འཛིན་གྲྭ་ཚོགས་ཐེངས་དང་པོ་ཚོགས་སྐབས་སློབ་ཕྲུག་རེ་རེར་ངོ་ཐུག་གིས་དྲི་བ་དེ་དག་དྲིས་པ་དང་སློབ་ཕྲུག་གི་ལན་རྣམས་བརྗེད་ཐོ་རྒྱབ་དགོས། ད་དུང་། སློབ་ཕྲུག་ནང་ཁུལ་གོ་བསྡུར་བྱེད་དུ་འཇུག་དགོས།

དགེ་རྒན་གྱིས་སློབ་ཕྲུག་གིས་ག་རེ་ཤེས་དགོས་པ་དང་། ག་རེ་ཤེས་འདོད་ཡོད་པ་ངེས་པར་དུ་ཤེས་དགོས། སློབ་ཕྲུག་མཉམ་དུ་བློ་ཐག་ཉེ་པོས་སྐད་ཆ་བཤད་པ་དང་། སློབ་ཕྲུག་གི་སྐད་ཡིག་གཉིས་པ་བརྒྱུད་ག་རེ་སྦྱོང་འདུན་ཡོད་མེད་ཤེས་རྒྱུར་ཐབས་ལམ་མི་འདྲ་བ་མི་ཉུང་ བ་ཡོད། དཔེར་ན། དགེ་རྒན་དང་སློབ་ཕྲུག་ཟུར་དུ་ངོ་ཐུག་གི་དྲི་བ་དྲི་ལན་དང་། ཅི་གྲོས་མོལ་གྲོས་བཤད་རྒྱུ། ཡང་ན། དགེ་རྒན་གྱིས་ཤོག་ཐོག་ལ་དྲི་བ་དང་དྲི་ལན་མང་པོ་བྲིས་ནས་སློབ་ཕྲུག་ལ་རྟགས་རྒྱོབ་ཏུ་འཇུག་རྒྱུ། ཡིན་ནའང་། རྟགས་རྒྱོབ་འཇུག་སྐབས་སློབ་ཕྲུག་རེ་ཟུང་གིས་བསམ་བློ་དེ་ཙམ་མི་བཏང་པར་རྒྱབ་མཁན་ཡོད་སྟབས་སློབ་ཕྲུག་གི་བསམ་ཚུལ་ངོ་མ་ཤེས་པར་སྐྱོན་ཡོད། ཡང་ན། སློབ་ཕྲུག་ཚོ་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་བྱེད་དུ་འཇུག་པ་དང་། ཚོགས་ཆུང་སོ་སོ་ནས་བསམ་འཆར་ཐོ་འགོད་བྱེད་དུ་འཇུག་དགོས། མདོ་དོན། དགེ་རྒན་ཞིག་གིས་སློབ་འཁྲིད་འཆར་གཞི་མ་བཟོ་སྔོན་དང་། ད་དུང་སློབ་ཁྲིད་དངོས་གཞི་མ་བྱེད་སྔོན་ལ་སློབ་ཕྲུག་གིས་ག་རེ་སྦྱོང་འདོད་ཡོད་པ་དང་། ག་རེ་ཤེས་དགོས་པ་གཏན་ལ་ཕབ་ཐུབ་པ་དགོས། དེ་མིན་དགེ་རྒན་གྱིས་སློབ་ཁྲིད་བྱེད་རྐྱང་བྱས་ཚེ་མུན་ནག་མདའ་འཕེན་གྱི་དཔེ་ཟླར་མི་འགྱུར་བའི་ངེས་པ་མེད་དོ། །

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༡/༠༨

Leave a Reply